མཚོ་སྔོན་ཞིང་ཆེན་ཏང་ཨུས་མགོ་ཁྲིད་ལས་བྱེད་པ་དྲུག་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ཐད་ཀྱི་དཔེ་གཞིས་ལེགས་བཅོས་ལ་སྐུལ་བའི་ཆེད་དོན་སློབ་གསོའི་བཅོས་སྒྲིག་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས།
2023.05.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 54

ཟླ་ལྔ་པའི་ཚེས་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་མགོ་ཁྲིད་ལས་བྱེད་པ་དྲུག་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ཐད་ཀྱི་དཔེ་གཞིས་ལེགས་བཅོས་ལ་སྐུལ་བའི་ཆེད་དོན་སློབ་གསོའི་བཅོས་སྒྲིག་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པ། བརྗོད་དོན་སློབ་གསོར་ཟུང་འབྲེལ་བྱེད་པ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། བསླབ་བྱ་བསྡུ་ལེན་བྱེད་པ། དཔེ་གཞི་མེ་ལོང་དུ་འཛིན་པ། དཔེ་གཞིར་བརྟེན་ནས་སྒྲིག་ལམ་ཇེ་དམ་དུ་གཏོང་བ། སྟོབས་ཤུགས་ཡོད་རྒུས་དཔེ་གཞིར་བརྟེན་ནས་ལེགས་བཅོས་ལ་སྐུལ་འདེད་གཏོང་བ། ཆོད་སེམས་བརྟན་པོ་དང་དངོས་གཉེར་གྱི་བྱེད་ཐབས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་སྐུལ་སློང་གཏམ་བཤད་གནང་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་མཛིན་བྱས་ལ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་གྲོས་ཚོགས་ལ་ཞུགས།

ཁྲིན་ཀང་གིས་བསྟན་དོན། རང་ཞིང་གི་མགོ་ཁྲིད་ལས་བྱེད་པ་དྲུག་ཞིང་ཆེན་ཡོངས་ཀྱི་ཏང་སྲིད་མགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གསོ་སྦྱོང་འཛིན་གྲྭར་ཞུགས་སྐབས་སྒྲིག་ལམ་དང་འགལ་ནས་མཉམ་དུ་ཟ་མ་ཟོས་ཏེ་ཆང་འཐུང་བ་དེ་ནི་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་གཏན་ཁེལ་དང་འགལ་ཡོད་ལ། ཀྲུང་དབྱང་གིས་གསལ་བསྒྲགས་ཡང་ཡང་གནང་བ་སྣང་མེད་དུ་བཞག་སྟེ་ཁྲིམས་འགལ་སྒྲིག་འགལ་བྱས་པའི་དཔེ་མཚོན་ཡིན་པ་དང་། ཧ་ཅང་ཚབས་ཆེ་བ་དང་ཤུགས་རྐྱེན་ངན་པ་ཐེབས་ཡོད་ལ། ཏང་དང་སྲིད་གཞུང་གི་སྣང་བརྙན་ལ་གནོད་པ་ཆེན་པོ་བཟོས་པ་དང་། མཚོ་སྔོན་གྱི་སྣང་བརྙན་དང་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་སྣང་བརྙན་ལ་གནོད་བསྐྱལ་ཡོད།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་གཏན་ཁེལ་དང་ལག་བསྟར་བྱས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་བསྡུས་རྗེས། སྐབས་གསར་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་ལག་བསྟར་སྒྲིག་སྲོལ་ཞིབ་མོ་བཟོ་བཅོས་བྱེད་རྒྱུ་དེ་དོན་ཆེན་གཙོ་བོ་རུ་བརྩིས་པ་ལས། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ནི་ཡུན་རིང་བོར་ཕན་པ་ཡོད་པའི་སྒྲིག་སྲོལ་ནན་མོ་ཡིན་པའི་བརྡ་གསལ་བོ་རྒྱུན་མཐུད་ངང་བསྟན་ཡོད། ཞིང་ཆེན་ཏང་ཨུས་རྣམ་འགྱུར་བརྟན་པོ་དང་ལངས་ཕྱོགས་གསལ་བོས་ཀྲུང་དབྱང་གི་རེ་བ་ཚད་གཞིར་འཛིན་པ་དང་། གཟབ་ནན་འབུར་དུ་ཐོན་པར་བྱས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་དང་དེའི་ལག་བསྟར་སྒྲིག་སྲོལ་གྱི་དགོངས་པ་ལག་བསྟར་བྱེད་པའི་བྱེད་ཐབས་འགའ་ལ་བཟོ་བཅོས་བྱས་པ་དང་། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་པ་དོན་འཁྱོལ་བྱས་ལ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་དཔོན་པོར་བཅོས་སྐྱོང་ནན་མོ་བྱེད་རྒྱུ་དེ་ད་ལྟ་སྤེལ་བཞིན་པའི་བརྗོད་དོན་སློབ་གསོའི་མཚོ་སྔོན་ལག་ལེན་གྱི་འདྲེན་བྱེད་དུ་བྱས་ཏེ། གཟབ་ནན་གྱི་དགོངས་གཞི་དང་གཟབ་ནན་གྱི་བྱེད་ཐབས། གཟབ་ནན་གྱི་སྣང་ཚུལ་བཅས་དུས་ཡུན་རིང་བོར་མཚོ་སྔོན་ནས་རྒྱུན་འཁྱོངས་བྱེད་ཐུབ་པ་དང་གྲུབ་འབྲས་ལེན་ཐུབ་པར་བྱེད་ངེས།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། དཔེ་གཞིར་བརྟེན་ནས་ལེགས་བཅོས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོ་བཅོས་སྐྱོང་སྤེལ་ན། ཐོག་མར་བསམ་བློའི་སྟེང་ནས་ལེགས་བཅོས་བྱེད་པ་དང་། ངོས་ཟིན་སྟེང་ནས་བཅོས་སྐྱོང་བྱེད་པ། བསམ་བློའི་ངོས་ཟིན་སྟེང་གི་བཀག་རྡོ་མེད་པར་བཟོ་བར་མ་ཟད། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་དཔོན་པོ་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་པའི་དྲི་བ་དྲུག་འདོན་དགོས་ཏེ། ཞིབ་བཤེར་ནན་མོ་དང་ཆད་གཅོད་ནན་མོ་མ་བྱས་ན། སྤྱོད་ཚུལ་འཛུགས་སྐྱོང་གཟབ་ནན་སྒོས་སྤེལ་ཐབས་ཡོད་དམ།  ངེས་པར་དུ་བྱེད་ཐབས་ནན་མོ་སྤྱད་དེ། ཏང་གི་སྒྲིག་ལམ་སྒྲིག་སྲོལ་གྱི་གཟབ་ནན་རང་བཞིན་དང་དབང་ཟིལ་རང་བཞིན་ལ་སྲུང་སྐྱོང་བྱེད་དགོས། རྒྱས་བཟའ་རྒྱས་འཐུང་གི་སྲོལ་ངན་མ་བཅོས་ན། སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་བསྐྲུན་ཐུབ་བམ། ངེས་པར་དུ་ཆབ་སྲིད་སྟེང་ནས་བལྟ་བ་དང་ཆབ་སྲིད་སྟེང་ནས་ཞིབ་བཤེར་བྱས་ཏེ། ཏང་ཡོན་ལས་བྱེད་པར་ཉེན་ཟོན་ཅོང་བརྡ་སྒྲོག་དགོས། སྤྱོད་ཚུལ་དང་རུལ་སུངས་ལ་མཉམ་དུ་ཞིབ་བཤེར་བྱེད་མ་ཐུབ་ན། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་འགོག་རགས་ཇི་ལྟར་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་ངམ། ངེས་པར་དུ་དཔེ་གཞིར་བརྟེན་ནས་སྤྱོད་ཚུལ་ལ་ལྟ་བ་དང་སྤྱོད་ཚུལ་ལ་བརྟེན་ནས་དཔེ་གཞི་སྔོག་པ། སྤྱོད་ཚུལ་རུལ་སུངས་དང་འབྲེལ་བ་དང་སྤྱོད་ཚུལ་རུལ་སུངས་སུ་འགྱུར་བའི་འབྲེལ་ཐག་གཅོད་དགོས། འཇིགས་སྣང་ཆེན་པོ་གྲུབ་པར་མ་བྱས་ན། སྤྱོད་བསྲང་སྒྲིག་གཅུན་དང་བཟང་བསྟོད་ངན་སྨད་ཇི་ལྟར་བྱེད་དམ། ངེས་པར་དུ་ཁྲེལ་ཡོད་དཔའ་སྐྱེད་བྱེད་པ་དང་། ནམ་ཡང་དོགས་ཟོན་བྱས་ནས། གཙིགས་འཛིན་ལྷོད་མེད་དང་གོམ་གང་ཡང་ཕྱི་བཤོལ་མི་བྱེད་པར་བྱེད་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་མ་བཏང་ན། སྲུང་སྐྱོང་གཉིས་དོན་དོན་གྱིས་ཇི་ལྟར་བསྒྲུབ་བམ། ངེས་པར་དུ་སྐྱོན་མི་འགེབས་པ་དང་སྐྱོན་མི་གསང་བ། ལྷག་བསམ་ཟོལ་མེད་དང་རྣམ་འགྱུར་དྲང་མོས་བཅོས་སྐྱོང་དངོས་སུ་དམ་འཛིན་བྱེད་དགོས། ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་མ་བླངས་ན། ཏང་དང་མི་དམངས་ཀྱི་མངག་བཅོལ་ཇི་ལྟར་སྟོང་ཟད་དུ་མི་གཏོང་བ་བྱེད་ཐུབ་བམ། ངེས་པར་དུ་འགན་འཁྲི་ཕྲག་ཏུ་ལེན་པ་དང་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཚད་ལྡན་རྒྱུགས་ལན་སྤྲོད་དགོས།

ཁྲིན་ཀང་གིས་དཔེ་གཞིར་བརྟེན་ནས་ལེགས་བཅོས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོའི་བཅོས་སྐྱོང་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པ་དང་། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་དཔོན་པོར་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་པའི་ཞིབ་བཤེར་བྱེད་ཐབས་ཡིན་པས། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་ཇེ་དྲག་ཏུ་གཏོང་བ་དང་། གྲི་ཁ་རང་ལ་གཏོད་པའི་སྙིང་སྟོབས་དང་རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས། ཏང་ཡོན་ལས་བྱེད་པས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་བྱ་བ་སྔར་ལས་བཟང་བོར་བསྒྲུབ་པ་དང་། ཏང་ཡོན་ལས་བྱེད་པས་སྒྲིག་ལམ་བརྩི་སྲུང་བྱེད་པའི་འདུ་ཤེས་སྔར་ལས་ཇེ་བརྟན་དུ་གཏོང་དགོས། བསམ་བློའི་ནོར་འཁྲུལ་ཡོ་བསྲང་བྱེད་པ་དང་། ཆེད་དོན་སློབ་གསོའི་བཅོས་སྐྱོང་དེ་དོན་བྱ་གལ་ཆེན་ཁྲོད་བཞག་སྟེ། ཞིབ་འཇུག་དང་བཀོད་སྒྲིག་ནན་མོ་བྱེད་པ་དང་ཇི་མ་ཇི་བཞིན་དུ་ལག་བསྟར་བྱེད་དགོས། བརྗོད་དོན་སློབ་གསོའི་ཁྲོད་འདྲེས་པར་བྱེད་པ་དང་། སྒྲིག་ལམ་དང་སྤྱོད་ཚུལ་ཐད་ཀྱི་གནད་དོན་ལ་དབྱེ་ཞིབ་དང་ལྟ་ཞིབ་ཟབ་མོ་བྱེད་རྒྱུ་དེ་བརྗོད་དོན་སློབ་གསོའི་ཁྲོད་ཀྱི་ངེས་པར་ལན་འདེབས་དགོས་པའི་གནད་དོན་དུ་བརྩིས་ནས། བརྗོད་དོན་སློབ་གསོའི་རྒྱུ་སྤུས་ཇེ་ལེགས་སུ་གཏོང་དགོས། གནད་འགག་གྲངས་ཉུང་དམ་འཛིན་བྱེད་པ་དང་། མགོ་ཁྲིད་དང་པོའི་མིག་དཔེ་ནུས་པ་འདོན་སྤེལ་བྱས་ཏེ། རང་ཉིད་ལ་དོ་དམ་བཟང་བོ་བྱེད་པ་མ་ཟད་རང་ཉིད་ཀྱི་དཔུང་སྡེ་ལ་སྣེ་ཁྲིད་བཟང་བོ་བྱེད་དགོས། འགན་འཁྲི་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། ཆེད་དོན་སློབ་གསོའི་བཅོས་སྐྱོང་དེ་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གཞིའི་འགན་འཁྲིའི་གསལ་ཁྲའི་ནང་བཞག་ནས། འགན་འཁྲི་ལྔ་ཟུང་འབྲེལ་མཉམ་འབྲེལ་བྱེད་པ་དང་མཉམ་དུ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། བཅོས་སྐྱོང་གི་གྲུབ་འབྲས་ཇེ་བཟང་དུ་གཏོང་བ་དང་། སྒྲིག་འགལ་ལུགས་འགལ་ལ་ཆད་གཅོད་ནན་མོ་བྱེད་དགོས། སྣེ་ཁྲིད་བཟང་བོ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་སྟེ། སྒྲིག་ལམ་དམ་པོས་ཏང་གི་ལས་དོན་ལ་སྲུང་སྐྱོབ་བྱེད་པ་དང་མཚོ་སྔོན་ཡུན་རིང་བོར་འཕེལ་རྒྱས་སུ་གཏོང་དགོས་པའི་རེ་བ་བཏོན།

ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱེད་སྐབས་བསྟན་དོན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་དུས་ནམ་ཡང་དཔེ་གཞི་མེ་ལོང་དུ་འཛིན་པའི་བསམ་བློའི་རང་རྟོགས་རྒྱུན་འཁྱོངས་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་གཉིས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བའི་སྟེང་གཅིག་གྱུར་བྱེད་པ། དཔེ་གཞིར་བརྟེན་ནས་ལེགས་བཅོས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོའི་བཅོས་སྐྱོང་སྤེལ་རྒྱུ་དེ་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པའི་བྱ་སྤྱོད་དངོས་སུ་བརྩི་བ། ཏང་ཡིད་ལ་འཛིན་པ་དང་མི་དམངས་ཡིད་ལ་འཛིན་པ། དོགས་ཟོན་ཡོད་པའི་རིག་པ་གསལ་བོར་བརྟེན་ནས། དཔེ་གཞིར་བརྟེན་ནས་ལེགས་བཅོས་ལ་སྐུལ་འདེད་གཏོང་བའི་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་གཏོང་དགོས། དཔེ་གཞིར་བརྟེན་ནས་ལེགས་བཅོས་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་རང་རྟོགས་རྒྱུན་འཁྱོངས་བྱེད་པ་དང་། དཔེ་གཞི་རང་སྟེང་གི་བསམ་བློའི་སློབ་གསོ་དང་ལྟ་སྐུལ་བཀག་སྡོམ། སྒྲིག་གཞི་རྐྱེན་སྲོལ་སོགས་ཕྱོགས་སུ་གནས་པའི་གནད་དོན་སྔོག་འདོན་ཟབ་མོ་བྱེད་པ། རང་ས་ཁུལ་དང་རང་སྡེ་ཁག་གི་འབུར་ཐོན་གནད་དོན་དག་ཐེར་ལེགས་བཅོས་དང་ཐག་གཅོད་བྱེད་པ། གནད་དོན་དག་ཐེར་ལེགས་བཅོས་མ་བྱས་ན་བཏང་ལྷོད་མི་བྱེད་པ་དང་དག་ཐེར་ལེགས་བཅོས་བཟང་བོ་མ་བྱས་ན་བཏང་ལྷོད་མི་བྱེད་པ། ཚད་གཞི་ནན་མོ་དང་བྱེད་ཐབས་བཟང་བོ། སྒྲིག་ལམ་དམ་པོས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་དགོས། དཔེ་གཞིར་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་འགུལ་སྐྱོད་ཀྱི་རང་རྟོགས་རྒྱུན་འཁྱོངས་བྱེད་པ་དང་། སྒྲིག་ལམ་སློབ་གསོ་ཇེ་དྲག་ཏུ་གཏོང་བ་དང་ཆབ་སྲིད་ཀྱི་ལྟ་སྐུལ་ཇེ་དྲག་ཏུ་གཏོང་བ། ཉེན་ཁ་དང་རུལ་སུངས་ལ་གཞི་གཅིག་སྒོས་ཞིབ་བཤེར་བྱེད་པར་ཤུགས་སྣོན་པ། ཡུན་ཕན་རྐྱེན་སྲོལ་འཛུགས་སྐྲུན་ལ་ཤུགས་སྣོན་པ་གཙོ་གནད་དུ་བྱེད་པ། རྩ་འཛུགས་ཞིབ་མོ་བྱེད་པ་དང་གོ་རིམ་ལྡན་པའི་ངང་སྤེལ་བ། དབང་ཆ་རང་དགར་སྤྱོད་པའི་བར་སྟོང་ཇེ་ཆུང་དུ་གཏོང་བ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་པ་ནམ་ཡང་ལམ་དུ་ཡོད་པ་དང་། ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ལམ་དུ་ཡོད་པའི་ངེས་ཤུགས་ལ་བརྟེན་ནས། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་བསྒྱུར་དགོས།

ཚོགས་ཐོག་ཏུ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་དབྱང་གིས་ཞིང་ཆེན་ཡོངས་ཀྱི་དཔེ་གཞིར་བརྟེན་ནས་ལེགས་བཅོས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོ་བཅོས་སྐྱོང་གི་ཇུས་གཞིའི་སྐོར་གསལ་བཤད་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མི། ཞིང་ཆེན་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གླིང་དང་ཟི་ལིང་དུ་ཡོད་པའི་ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱི་ཏང་ཨུ་དང་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ། སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོ་བཅས་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་དེ་བརྙན་རིས་ཀྱི་ལམ་ནས་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་། གྲོང་ཁྱེར་དང་ཁུལ། རྫོང་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས་ཡོད།

རིན་ཆེན་མཚོས་བསྒྱུར།