ཟླ་ལྔ་པའི་ཚེས་བཞི་ཉིན། མགོ་ཁྲིད་ལས་བྱེད་པ་དྲུག་གིས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་གྱི་དཔེ་གཞིར་བརྟེན་ནས་ལེགས་བཅོས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོ་བཅོས་སྐྱོང་གི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ཀྱི་རྗེས་སུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་གྲོང་ཁྱེར་དང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཚོ་དང་མཉམ་དུ་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གཞིའི་འགན་འཁྲི་དང་འགན་འཁྲི་མི་སྣ་དང་པོའི་འགན་འཁྲི་ལག་བསྟར་བྱེད་པའི་ཐད་ནས་ཐུན་མོང་གི་གླེང་མོལ་བྱས་ནས། ཚང་མ་དང་མཉམ་དུ་བརྗོད་དོན་སློབ་གསོའི་སྐབས་ཀྱི་གཟབ་ནན་ཏན་ཏིག་གི་རྩ་འཛུགས་འཚོ་བ་ཞིག་རོལ། ཝུའུ་ཞའོ་ཅུན་དང་ཝང་དབྱང་། ཀྲའོ་ཡུའེ་ཞ། ཀྲུའུ་ཞང་ཧྥིན་བཅས་གླེང་མོལ་ལ་ཞུགས།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ནམ་ཡང་ཆབ་སྲིད་སྟེང་གི་བསམ་ཤེས་བྱེད་པ་དང་། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་རྒྱུན་མ་ཆད་པར་མཐོར་འདེགས་སུ་གཏོང་བ། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོན་པོ་བྱས་ནས། ཆབ་སྲིད་སྦྱོང་བརྡར་ཁྲོད་རིག་པ་གསལ་བོ་བྱེད་དགོས། གྲོང་ཁྱེར་དང་ཁུལ་ཏང་ཨུའི་ཧྲུའུ་ཅིའི་ལས་གནས་ལ་བརྩི་བཀུར་བྱེད་པ་དང་། ཁ་ཕྱོགས་ཡང་དག་བྱེད་པ་དང་སྤྱི་ཡོངས་ལ་དོ་དམ་བྱེད་པ། འཕེལ་རྒྱས་ལ་ཇུས་འགོད་བྱེད་པ། ཏང་དང་མི་དམངས་ཀྱི་མངགས་བཅོལ་སྟོང་ཟད་དུ་མི་གཏོང་བ། ཆབ་སྲིད་ཀྱི་སྲོག་རྩ་བརྟན་པོར་སྲུང་བ། སྤྱོད་ཚུལ་དང་ལས་སྒྲུབ་ཀྱི་ཚད་མཐའ་བརྟན་སྲུང་བྱས་ཏེ། རང་ཉིད་དང་ཚན་ཁག དཔུང་སྡེ་ལ་འགན་ཁུར་དགོས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། སྔོན་དུ་མིག་དཔེ་བྱེད་པ། གོང་རིམ་གྱིས་འོག་རིམ་གྱི་མགོ་ཁྲིད་པ། ཏང་འཛུགས་སྐྲུན་དམ་འཛིན་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་གྲུབ་འབྲས་ཆེས་ཆེན་པོར་བརྩི་བ། སྣེ་ཁྲིད་བྱེད་པ་མ་ཟད་རང་ཉིད་ཟབ་ཞུགས་བྱེད་པ། རིམ་པ་ནས་རིམ་པ་བཞིན་དམ་འཛིན་བྱེད་པ། རིམ་པ་བཞིན་ལག་བསྟར་བྱས་ནས། གནད་འགག་གྲངས་ཉུང་གིས་མང་ཆེ་ཤོས་ལ་སྣེ་ཁྲིད་དང་དོ་དམ་བྱེད་དགོས། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་ལ་མཁས་པར་བྱེད་པ་དང་། བདེན་མིན་གྱི་མདུན་དུ་བརྡར་གཅོད་བྱེད་ཤེས་པར་བྱེད་པ། འགལ་རྩོད་དང་གནད་དོན་ལ་ཐད་ཀར་ཁ་གཏོད་ཐུབ་པ། གོམས་ལོབས་སུ་སོང་བའི་སྤྱོད་ཚུལ་ངན་པར་འཐབ་རྩོད་བྱས་ཏེ། ཆབ་སྲིད་སྟེང་ནས་གནད་དོན་ལ་དབྱེ་ཞིབ་བྱེད་ཤེས་པ་དང་གནད་དོན་ལ་རྒྱུས་ལོན་བྱེད་པ་དང་ཐག་གཅོད་བྱེད་ཤེས་པར་བྱེད་དགོས། རང་གཅུན་ནན་མོ་བྱེད་པ་དང་། ཁྲིམས་དང་འགལ་བའི་རྒྱས་བཟའ་རྒྱས་འཐུང་ལ་ཆད་པ་གཅོད་པ་དང་། དགའ་ཕྱོགས་ལ་ཚོད་འཛིན་བྱེད་པ། མིའི་བར་གྱི་འགྲོ་འོང་ལ་ཚད་མཐའ་བཀོད་དེ། དབང་ཆར་ལྟ་སྟངས་ཡང་དག་འཛིན་པ་དང་དབང་ཆར་དད་བཀུར་བྱེད་པ། དབང་ཆ་སེམས་ཆུང་སྒོས་བཀོལ་སྤྱོད་བྱེད་དགོས།
ཁྲིན་ཀང་གིས། གྲོང་ཁྱེར་དང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅིས་ཏང་ལ་དོ་དམ་དང་ཏང་ལ་བཅོས་སྐྱོང་བྱེད་པའི་འགན་འཁྲི་ལག་བསྟར་བྱེད་ན་གདེང་ཚོད་ཡོད་པ་ལྔ་ཁོང་དུ་ཆུད་པར་བྱེད་དགོས། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་སྣ་ཚོགས་དང་བཀོད་སྒྲིག་ལ་གདེང་ཚོད་ཡོད་པར་བྱེད་པ་དང་། རང་ས་ཁུལ་གྱི་ཏང་གཤིས་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བའི་ཕྱོགས་ན་གནས་པའི་གནད་དོན་དང་མི་འདང་ས་དང་ལེགས་བཅོས་བྱེད་ཐབས་ལ་གདེང་ཚོད་ཡོད་པར་བྱེད་པ། མགོ་ཁྲིད་དང་པོའི་ངེས་པར་དུ་དངོས་སུ་སྒྲུབ་དགོས་པའི་བྱ་བའི་ཐད་ནས་གདེང་ཚོད་ཡོད་པར་བྱེད་པ། རང་ས་ཁུལ་གྱིས་ཕྱོགས་ཡོངས་ནས་ཏང་ལ་དོ་དམ་དང་དཔོན་པོ་བཅོས་སྐྱོང་བྱེད་པའི་སྤྱིའི་གནས་ཚུལ་ཐད་ནས་གདེང་ཚོད་ཡོད་པར་བྱེད་པ། ཏང་ལ་དོ་དམ་བྱེད་པ་དང་ཏང་བཅོས་སྐྱོང་བྱེད་པའི་བྱ་བའི་ཁྲོད་གནས་པའི་གནད་དོན་དང་བྱ་བར་སྐུལ་འདེད་གཏོང་བའི་བསམ་ཕྱོགས་བྱེད་ཐབས་ལ་གདེང་ཚོད་ཡོད་པར་བྱེད་དགོས། དེ་དང་མཉམ་དུ། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་འགན་འཁྲི་ལག་བསྟར་བྱེད་པ་དང་བྱ་བ་སྤེལ་བར་མཐའ་གཅིག་ཏུ་མགོ་ཁྲིད་དང་རྒྱབ་སྐྱོར་བྱེད་དགོས་པའི་རེ་བ་བཏོན།
གྲོང་ཁྱེར་དང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅིས་མཐའ་གཅིག་ཏུ། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་གཏོང་བ་དང་། བསམ་བློ་དང་འགུལ་སྐྱོད་གཉིས་ཏང་ཀྲུང་དབྱང་གི་གཏན་ཁེལ་སྟེང་གཅིག་གྱུར་བྱེད་པ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུ་བཅས་ཀྱི་རེ་བའི་སྟེང་གཅིག་གྱུར་བྱེད་པ། དངོས་གནས་དཔེ་གཞི་མེ་ལོང་དུ་འཛིན་པ། གནད་དོན་ལ་ལྟ་ཞིབ་ཞིབ་བཤེར་ནན་མོ་བྱེད་པ། སྒྲིག་ལམ་གྱི་བཀག་སྡོམ་རྒྱུན་མཐུད་ངང་ཇེ་དྲག་ཏུ་གཏོང་བ། ཆེད་དོན་སློབ་གསོ་བཅོས་སྐྱོང་ཐད་ནས་གྲུབ་འབྲས་ལེན་ཐུབ་པར་བྱས་ནས། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་སྣ་ཚོགས་དོན་འཁྱོལ་ནན་མོ་བྱེད་དགོས་པའི་ཚུལ་བསྟན།
རིན་ཆེན་མཚོས་བསྒྱུར།