ཁྲིན་ཀང་གིས་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ། ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་བཅས་ལ་རྟོག་ཞིབ་བྱས།
2023.05.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 38

ཟླ་ལྔ་པའི་ཚེས་ལྔ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ། ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་བཅས་ལ་སོང་ནས་རྟོག་ཞིབ་བྱས། རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་རེ་བ་གལ་ཆེན་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་ལྷག་པ་གསུམ་གྱི་འཐབ་ཇུས་གོ་གནས་ཡིད་ལ་དམ་པོར་འཛིན་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རྒྱུན་མཐུད་ངང་གསར་སྐྲུན་བྱེད་པ། ཐོན་ལས་ཀྱི་གནས་བཞི་མྱུར་དུ་འཛུགས་སྐྲུན་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་ཐད་ནས་མཉམ་རྒྱལ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས།

ཁྲིན་ཀང་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱི་ཞིང་ཕྱུགས་འགྲེམ་སྟོན་ཁང་དུ་སོང་ནས་ལྟ་ཞིབ་བྱས་པ་དང་། ངོ་སྤྲོད་ཉན་པ་དང་དངོས་རྫས་ལ་བལྟ་བ། གནས་ཚུལ་ལ་རྒྱུས་ལོན་བྱས་པ་བརྒྱུད་དེ། རང་ཞིང་གི་མཐོ་སྒང་གི་ཁྱད་ལྡན་ཞིང་ཕྱུགས་ལས་ཀྱི་ཁྱད་འཕགས་དགེ་མཚན་དང་འཕེལ་རྒྱས་ཀྱི་གནས་བབ་ལ་རྒྱུས་ལོན་བྱས་པར་མ་ཟད། ཕྱུགས་ལས་ཁྲུའུ་དང་སོན་འདེབས་ལས་རིགས་དོ་དམ་ཁྲུའུ་ཡི་ལས་བྱེད་མི་སྣ་དང་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཞིང་ལས་ཞིང་སྡེ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་དམིགས་འབེན་ལ་དམ་དུ་དམིགས་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོའི་དགོངས་དོན་ལག་བསྟར་ནན་མོ་བྱེད་དགོས། རྨོ་ཞིང་སྲུང་སྐྱོབ་ཀྱི་དམར་ཐིག་བརྟན་སྲུང་བྱེད་པ་དང་། ཞིང་ལས་ཀྱི་དུས་སྐབས་མི་ཤོར་བར་དཔྱིད་འདེབས་བྱེད་ཚད་ཇེ་མགྱོགས་སུ་བཏང་སྟེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཁྲོད་ཁག་ཁུར་དང་གྲུབ་འབྲས་མངོན་པར་བྱེད་དགོས། མཐོ་སྒང་གི་གྲང་འཁྱག་ནམ་ཟླའི་དགེ་མཚན་འདོན་སྤེལ་བྱེད་པ་དང་། ཞིང་ཕྱུགས་ཐོན་རྫས་ཀྱི་སྣེ་ཁྲིད་ཁེ་ལས་སྐྱེད་སྲིང་བྱེད་པར་རྒྱབ་སྐྱོར་བྱེད་པ། གཟན་རྩྭ་ཐོན་ལས་དར་རྒྱས་སུ་གཏོང་བར་བརྟེན་ནས་སྒྲིག་ཆས་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།

ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ་རུ། ཁྲིན་ཀང་གིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དང་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་གཉིས་པའི་གྲ་སྒྲིག་གནས་ཚུལ་ལ་ཉན་པ་དང་། རྩྭ་ས་དོ་དམ་ཁྲུའུ་དང་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་ཁྲུའུ་རུ་སོང་ནས་བྱ་བར་རྒྱུས་ལོན་བྱས་པར་མ་ཟད། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གཞི་གྲངས་ཆེན་པོའི་ལྟེ་གནས་ནས། སྐྱེ་ཁམས་ཁོར་ཡུག་ལྟ་རྟོག་དང་གསའི་ལྟ་ཞིབ་བརྙན་རིས་ལ་བལྟས་རྗེས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ནན་མོ་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ཐད་ཤུགས་བཏོན་ནས། བྱ་བའི་ཁྲོད་ཀྱི་གནས་ཚུལ་གསར་བ་དང་གནད་དོན་གསར་བ་ཐག་གཅོད་པར་ཞིབ་འཇུག་བྱེད་དགོས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། རང་བྱུང་ཁམས་ལ་བརྩི་མཐོང་དང་རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བྱས་ཏེ། མཐོ་སྒང་གི་ཚེ་སྲོག་རྩི་ཤིང་དང་རི་ཆུ་ནགས་གསུམ་ལ་སྲུང་སྐྱོབ་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་གཙིགས་སུ་འཛིན་པ་དང་། གཞི་གྲངས་གསལ་བོ་དང་བརྙན་པར་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གྲུབ་འབྲས་མཚོན་པར་བྱས་ཏེ། རྒྱལ་ཡོངས་མི་དམངས་ལ་མཚོ་སྔོན་མཐོ་སྒང་གི་མི་རིགས་སོ་སོས་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་པའི་གཏམ་རྒྱུད་བཤད་དགོས།

ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་རུ། ཁྲིན་ཀང་སྤྱི་ཚོགས་དབུལ་སྐྱོར་ཁྲུའུ་དང་གནས་སྤོར་དབུལ་སྐྱོར་ཁྲུའུ། འཆར་འགོད་ནོར་སྲིད་ཁྲུའུ་བཅས་ལ་སོང་ནས། འབྲེལ་ཡོད་བྱ་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། འགུལ་རྣམ་ལྟ་ཞིབ་རོགས་སྐྱོར་གྱི་བལྟས་ཆོག་པའི་སྟེགས་བུ་དང་ཨང་བཤེར་འཁོར་རྒྱུག་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། བསྒྱུར་བ་བདུན་གྱི་བྱ་བའི་བྱེད་ཐབས་ལ་ཁས་ལེན་བྱས་ནས་ནན་གྱིས་བསྟན་དོན། བློ་བརྟན་འགྱུར་མེད་ཀྱིས་གྲོང་གསེབ་དར་སྤེལ་གྱི་འགུལ་སྐྱོད་ཆེན་པོ་བརྒྱད་ལག་བསྟར་བྱེད་པ་དང་། ཤར་ནུབ་རྒྱུད་མཉམ་ལས་ཀྱི་རྐྱེན་སྲོལ་བཀོལ་སྤྱོད་བཟང་བོ་བྱས་ཏེ། ཡུན་རིང་ལ་ཕན་པ་དང་ཡོང་སྒོ་འཕར་སྣོན་བྱེད་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་བར་ཞིབ་འཇུག་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་འགོག་རའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། གནས་སྤོར་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་རྗེས་མཐུད་བྱ་བར་འབྲེལ་མཐུད་བྱེད་པ། ལྟ་ཞིབ་བྱེད་ཡུལ་ཕྱིར་དབུལ་བོར་འགྱུར་བའི་ཉེན་ཁར་དབྱེ་ཞིབ་དང་ཐག་གཅོད་གནད་ལ་འཁེལ་བར་བྱས་ནས། གཞི་ཁྱོན་རང་བཞིན་གྱི་ཕྱིར་དབུལ་བོར་མི་འགྱུར་བར་བྱེད་པའི་ཚད་མཐའ་བརྟན་སྲུང་བྱེད་དགོས། མང་ཚོགས་ཡིད་ཚིམ་པར་བྱེད་རྒྱུ་དེ་བྱ་བའི་ཐོག་མའི་བསམ་འདུན་དང་རྐང་འཛུགས་ས་རུ་བྱེད་པ་དང་། རིམ་པ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་སྤེལ་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་འབྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་དགོས།

ཚེ་རིང་ཐར་དང་ཀྲུའུ་ཞང་ཧྥིན། ལིའུ་ཐའོ་བཅས་སོ་སོར་རྟོག་ཞིབ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།