ཟླ་ལྔ་པའི་ཚེས་ལྔ་ཉིན། ཞིང་ཆེན་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་རྒྱས་འཛོམས་གྲོས་ཚོགས་བསྡུས་ཏེ། ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཧྲིན་ཀྲང་། ཞིང་ཆེན་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ་ཧི་ལུའུ་ཁྲུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ཉེ་བའི་ལོ་འདི་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་དང་དངོས་འབེབས་བྱས་ཏེ། ཕྱོགས་བསྡུས་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་ཚོད་ལྟའི་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། ལམ་ལུགས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་པས། ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་བྱ་བར་གྲུབ་འབྲས་གསར་བ་བླངས། སྐྱོད་ལམ་གསར་བར་བསྐྱོད་དུས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ། དུས་རབས་གསར་བའི་ཏང་གི་འཕྲོད་བསྟེན་བདེ་ཐང་བྱ་བའི་བྱེད་ཐབས་རྒྱུན་འཁྱོངས་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་གཞུང་ལུགས་བརྟན་པོར་འཛུགས་པ་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གྱི་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་དགོས།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། སྨན་བཅོས་ཐོན་ཁུངས་ལེགས་སྒྱུར་བྱེད་པར་དོ་མཉམ་བཀོད་སྒྲིག་དང་། རིམ་པ་སོ་སོའི་སྨན་བཅོས་ལས་ཁུངས་ཀྱི་བྱེད་ནུས་གཅིག་གྱུར་གྱིས་འདོན་སྤེལ་བྱས་ཏེ། སྨན་བཅོས་ཀྱི་མཐོ་ས་བསྐྲུན་པ་དང་། སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་པར་སྐུལ་འདེད་གཏོང་བ། གཞི་རིམ་གྱི་ཐོག་མའི་ནད་དཔྱད་ལམ་ལུགས་དངོས་འབེབས་བྱེད་པ་དང་། སྔར་ལས་ཕན་འབྲས་ལྡན་ཞིང་གོ་རིམ་ཡོད་པའི་རིམ་བགར་བརྟག་བཅོས་ཀྱི་རྣམ་པ་གསར་བ་གྲུབ་པར་བྱེད་དགོས། སྤྱི་ཕན་རང་བཞིན་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་ཆ་ཚང་འཛུགས་རྒྱུ་དམིགས་འབེན་དུ་བྱས་ནས། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་པ་དང་ཞབས་ཞུའི་ནུས་པ་མཐོ་རུ་གཏོང་དགོས་ལ། དོ་དམ་རྐྱེན་སྲོལ་ལེགས་བཅོས་དང་བཅོས་སྒྱུར་ལ་སྐུལ་སློང་བྱེད་དགོས། མ་ལག་གསར་གཏོད་དང་ལག་རྩལ་གསར་གཏོད། རྣམ་པ་གསར་གཏོད། དོ་དམ་གསར་གཏོད་བཅས་ཤུགས་དྲག་ཏུ་བཏང་ནས། གཞུང་བཙུགས་སྨན་ཁང་གི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྨན་བཅོས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ཏེ། སྨན་བཅོས་རིན་གོང་དང་སྨན་བཅོས་འགན་སྲུང་གི་རྩིས་སྤྲོད་བྱེད་ཐབས་བཅོས་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་། སྨན་བཅོས་འགན་སྲུང་དང་སྨན་བཅོས། སྨན་རྫས་བཅས་ཀྱི་སྤུས་ཚད་མཐོ་བའི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྫོང་ཁོངས་ཀྱི་སྤུས་ལེགས་སྨན་བཅོས་འཕྲོད་བསྟེན་གྱི་ཐོན་ཁུངས་རྒྱ་སྐྱེད་དང་དོ་མཉམ་བཀོད་སྒྲིག་ཇེ་མགྱོགས་སུ་བཏང་སྟེ། ཁྱིམ་ཚང་སྨན་པའི་གན་རྒྱའི་ཞབས་ཞུ་འཛུགས་པ་དང་། འཕྲོད་བསྟེན་འཇོན་མིའི་དཔུང་ཁག་བསྐྲུན་པར་ཤུགས་སྣོན་པ། གྲོང་གསེབ་སྨན་བཅོས་འཕྲོད་བསྟེན་གྱི་མ་ལག་རྒྱུན་ཆད་མེད་པར་ལེགས་བཅོས་བྱེད་དགོས། འཕྲོད་བསྟེན་ཆེན་མོ་དང་བདེ་ཐང་ཆེན་མོའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། རིམས་འགོག་མ་ལག་གི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། དེང་རབས་ཅན་གྱི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་བསྐྲུན་དགོས། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་བྱེད་པའི་འགན་འཁྲི་ནན་དཀྲི་བྱས་ཏེ། གཅིག་འདོམས་མཐུན་སྦྱོར་ཤུགས་དྲག་ཏུ་གཏོང་བ་དང་། བླང་བྱ་སྔར་ལས་མཐོ་བ་དང་ཚད་གཞི་སྔར་ལས་མཐོ་བ། བྱེད་ཐབས་སྔར་ལས་བཟང་པོ་བཅས་ཀྱིས་ཕྱོགས་བསྡུས་སྨན་བཅོས་འཕྲོད་བསྟེན་གྱི་བཅོས་སྒྱུར་བྱ་བ་མུ་མཐུད་དུ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ལ། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་བརྗེ་རེས་གཏམ་བཤད་སྤེལ།
རིག་འཛིན་སྒྲོལ་མས་བསྒྱུར།