ཞི་ཅིན་ཕིང་གིས་མགོ་འཛིན་གནང་ནས་སྐབས་ཉི་ཤུ་པའི་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་བསྡུས།
2023.05.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 97

ཟླ་ལྔ་པའི་ཚེས་ལྔ་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་མགོ་འཛིན་གནང་ནས་སྐབས་ཉི་ཤུ་པའི་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས་ཏེ། སྐབས་གསར་པའི་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ལས་དོན་ཡག་པོ་སྒྲུབ་པ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་བསྐྲུན་པའི་གནད་དོན་ལ་ཞིབ་འཇུག་བྱེད་པ། མི་འབོར་མང་ལ་སྤུས་ཚད་མཐོ་བའི་སྒོ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གནད་དོན་ལ་ཞིབ་འཇུག་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས། ཞི་ཅིན་ཕིང་གིས་ཚོགས་ཐོག་ནས་གསུང་བཤད་གལ་ཆེན་གནང་ནས་སྐབས་གསར་པའི་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་དཔལ་འབྱོར་ལས་དོན་གྱི་བྱེད་ཕྱོགས་གལ་ཆེན་གཏན་འབེབས་བྱེད་པའི་ནུས་པ་མུ་མཐུད་འདོན་སྤེལ་ཡག་པོ་བྱས་ནས། ཏང་ཀྲུང་དབྱང་གིས་དཔལ་འབྱོར་ལས་དོན་ལ་གཅིག་སྡུད་གཅིག་གྱུར་མགོ་ཁྲིད་བྱ་རྒྱུར་སྔར་ལས་ཤུགས་སྣོན་པ་དང་ཇེ་ལེགས་སུ་གཏོང་དགོས། དེང་རབས་ཅན་གྱི་ཐོན་ལས་མ་ལག་ནི་དེང་རབས་ཅན་རྒྱལ་ཁབ་ཀྱི་དངོས་པོ་དང་ལག་རྩལ་གྱི་རྨང་གཞི་ཡིན་པས། ངེས་པར་དུ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་སྣོན་ས་དེ་དངོས་ཕུང་དཔལ་འབྱོར་གྱི་སྟེང་བཞག་སྟེ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བར་དངོས་པོའི་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱེད་དགོས། མི་འབོར་འཕེལ་རྒྱས་གཏོང་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཡིན་པས། ངེས་པར་དུ་མི་འབོར་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུར་ཤུགས་བསྣན་ནས། མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་ནན་གྱིས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཏེན་ཞུའེ་ཞང་བཅས་ཚོགས་འདུར་ཞུགས།

ཚོགས་ཐོག་ནས་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཚན་རྩལ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ཞིང་ལས་དང་གྲོང་གསེབ་པུའུ་བཅས་ཀྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་བསྐྲུན་པའི་སྐོར་གྱི་སྙན་ཞུར་ཉན་པ་དང་། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། སློབ་གསོ་པུའུ་བཅས་ཀྱི་མི་འབོར་མང་ལ་སྤུས་ཚད་མཐོ་བའི་སྒོ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་བྱེད་པའི་སྐོར་གྱི་སྙན་ཞུར་ཉན།

གྲོས་ཚོགས་ལས་བསྟན་དོན། དཔལ་འབྱོར་འཛུགས་སྐྲུན་ནི་ཏང་གི་ལས་དོན་གཙོ་བོ་ཡིན་པས། ཏང་གིས་དཔལ་འབྱོར་ལས་དོན་ལ་མགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་པ་ནི་ཏང་གིས་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་པའི་བརྗོད་གཞིའི་ཁྲོད་དགོས་ངེས་ཀྱི་དོན་སྙིང་ལྡན། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་ནི་ཏང་ཀྲུང་དབྱང་གིས་དཔལ་འབྱོར་ལས་དོན་ལ་མགོ་ཁྲིད་བྱེད་པའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས། དེའི་འགན་འཁྲི་ལྕི་ཞིང་ནུས་པ་ཆེན་པོ་ལྡན། སྐབས་གསར་པའི་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ལས་དོན་ཡག་པོ་སྒྲུབ་པར་ཆ་ཚང་བ་དང་ནོར་བ་མེད་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གང་ལེགས་གཏོང་བ་བཅས་བྱེད་དགོས། འཐབ་ཇུས་ཇུས་འགོད་ལ་ཤུགས་སྣོན་པ་དང་མ་ལག་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། མཐུན་སྦྱོར་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། སློབ་སྦྱོང་དང་རྟོག་ཞིབ་ལ་ཤུགས་སྣོན་པ་བཅས་བྱས་ནས། རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་ཐོག་མཐའ་བར་གསུམ་དུ་དོན་འཁྱོལ་ཡག་པོ་བྱེད་དགོས་ཞེས་བསྟན། ཚོགས་ཐོག་ནས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྒྲིག་སྲོལ་ཞེས་པ་དང་། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ལས་དོན་ཞིབ་སྲོལ་ཞེས་པར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དངོས་ཕུང་དཔལ་འབྱོར་ལ་འདེགས་སྐྱོར་ནུས་ལྡན་བྱེད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་བསྐྲུན་རྒྱུ་དེ་འབྱུང་འགྱུར་འཕེལ་རྒྱས་དང་རྒྱལ་སྤྱིའི་འགྲན་རྩོད་ཁྲོད་ང་ཚོར་འཐབ་ཇུས་ཀྱི་རང་འགུལ་ཐོབ་པར་འབྲེལ་བ་ངེས་ཅན་ཡོད། མིས་བཟོས་རིག་ནུས་སོགས་ཚན་རྩལ་གསར་བརྗེའི་རླབས་རྒྱུན་གསར་པ་ཁོང་དུ་ཆུད་པར་བྱས་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་བླང་བྱ་དང་འཚམ་པར་བྱས་ཏེ། ཐོན་ལས་མ་ལག་འཐུས་ཚང་དང་མ་ལག་ཆ་ཚང་ཞིང་ནུས་པ་ཆེ་བའི་ལེགས་ཆ་རྒྱུན་འཁྱོངས་དང་ཆེ་རུ་གཏོང་བ། འཛམ་གླིང་ཧྲིལ་པོའི་གསར་གཏོད་རྒྱུ་རྐྱེན་ནུས་ལྡན་ངང་གཅིག་སྡུད་བྱེད་པ། ཐོན་ལས་རིག་ནུས་ཅན་དང་ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཆ་ཚང་རང་བཞིན་དང་སྔོན་ཐོན་རང་བཞིན། བདེ་འཇགས་རང་བཞིན་བཅས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཅིག་བསྐྲུན་དགོས། དངོས་ཕུང་དཔལ་འབྱོར་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། དོན་དངོས་དང་ཁ་བྲལ་ནས་རྫུན་ཕྱོགས་སུ་འཕེལ་བར་སྔོན་འགོག་བྱེད་དགོས། བརྟན་ཐོག་ཡར་འཕེལ་དང་གོམ་པ་རིམ་བགྲོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་ལས་ཆེ་རྔམ་ཕྱི་གཉེར་གཏན་ནས་བྱེད་མི་རུང་བ་དང་། ཐོན་ལས་གསུམ་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་ཕན་ཚུན་ཁ་གཏད་དུ་མི་ལངས་པར་བྱེད་པ། སྲོལ་རྒྱུན་ཐོན་ལས་གྱི་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། “དམའ་རིམ་ཐོན་ལས” སྟབས་བདེའི་ངང་ཕྱིར་འཐེན་བྱེད་མི་རུང་བ། སྒོ་འབྱེད་མཉམ་ལས་རྒྱུན་འཁྱོངས་བྱེད་དགོས་པ་ལས་རང་སྣང་ཁོ་ནར་བརྟེན་ནས་བྱ་བ་སྒྲུབ་མི་རུང་།

གྲོས་ཚོགས་ལས་བསྟན་དོན། འཕེལ་རྒྱས་ཀྱི་དུས་རིམ་གསར་པའི་ཐོན་ལས་སྲིད་ཇུས་སྔར་ལས་འཐུས་ཚང་དུ་བཏང་སྟེ། ཐོན་ལས་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་དེ་གལ་འགངས་ཆེ་ཤོས་སུ་བརྩི་བ་དང་། འཐབ་ཇུས་རང་བཞིན་ཁྱབ་ཁོངས་ཀྱི་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་པ། ཐོན་ལས་སྲིད་ཇུས་ཀྱི་མཐུན་སྦྱོར་རང་བཞིན་སྔར་ལས་ཆེ་རུ་གཏོང་བ་བཅས་བྱེད་དགོས། འགག་རྩ་དང་ལྟེ་བར་གྱུར་བའི་ལག་རྩལ་མཁྲེགས་གཏོར་དང་འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་འདེགས་སྐྱོར་ལ་ཤུགས་བསྣན་ནས། ལམ་ལུགས་ཀྱི་སྟེང་ནས་ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་རང་བདག་གནས་བབ་དོན་འཁྱོལ་བྱེད་དགོས། འབྲུ་རིགས་བསྡུ་བའི་ལག་རྩལ་ལ་སྔར་ལས་མཐོང་ཆེན་བྱས་ཏེ། རྨོ་ཞིང་སོགས་རང་བྱུང་ཆ་རྐྱེན་གྱིས་ཞིང་ལས་ཐོན་སྐྱེད་ལ་ཚོད་འཛིན་བྱེད་པའི་རྣམ་པར་ཐོད་བརྒལ་གསར་པ་འབྱུང་དུ་འཇུག་དགོས། གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་ལེགས་ཆ་བེད་སྤྱོད་ཡག་པོ་བྱས་ནས། ནང་མཁོ་རྒྱ་སྐྱེད་གཏོང་རྒྱུའི་འཐབ་ཇུས་དང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཐོན་ལས་ཕྲེང་འབྲེལ་གྱི་སྒོ་འབྱེད་མཉམ་ལས་ལ་ཤུགས་སྣོན་དགོས། འཛམ་གླིང་གི་ཁེ་ལས་རྩེ་གྲ་འཛུགས་སྐྲུན་ཤུགས་ཆེན་བྱས་ནས། ཕུལ་བྱུང་གི་ཁེ་ལས་མཁས་ཅན་ལ་གཅེས་སྤྲས་གང་ལེགས་བྱས་ཏེ། རྒྱལ་ཁབ་ཆེན་པོའི་ལག་ཤེས་པ་གསོ་སྐྱོང་ཤུགས་ཆེན་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། མིག་སྔར་རང་རྒྱལ་གྱི་མི་འབོར་འཕེལ་རྒྱས་ཐད་བུ་ཉུང་ཅན་དང་རྒ་རྒས་ཅན། ས་ཁོངས་ཀྱི་མི་འབོར་འཕེལ་འགྲིབ་ཐོར་འགྱུར་བཅས་ཀྱི་རྣམ་པ་མངོན་པའི་ཁྱད་ཆོས་ལ་ངེས་པར་དུ་རང་རྒྱལ་གྱི་མི་འབོར་འཕེལ་རྒྱས་ཀྱི་གནས་བབ་གསར་པར་ཕྱོགས་ཡོངས་ནས་ངོས་འཛིན་དང་ལྟ་སྟངས་ཡང་དག་འཛིན་དགོས། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་གྱི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ། དུས་རབས་གསར་པའི་མི་འབོར་འཕེལ་རྒྱས་ཀྱི་འཐབ་ཇུས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། མི་འབོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་ངོས་འཛིན་དང་འཚམ་ཐབས། སྣེ་ཁྲིད་བཅས་བྱེད་པ། མི་འབོར་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་པ། བུ་སྐྱེས་ཆུ་ཚད་དང་མི་འབོར་གྱི་གཞི་ཁྱོན་འོས་འཚམ་རྒྱུན་འཁྱོངས་ཧུར་ཐག་བྱེད་པ། བྱང་ཚད་མཐོ་བ་དང་སྤྱི་འབོར་འདང་ངེས་ཡིན་པ། གྲུབ་ཆ་ལེགས་སྒྲིག་ཡིན་པ། ལུགས་མཐུན་ཡིན་པ་བཅས་ཀྱི་དེང་རབས་ཅན་གྱི་མི་ཤུགས་ཐོན་ཁུངས་མགྱོགས་མྱུར་ངང་སྐྲུན་པ་བཅས་བྱས་ནས། མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་བྱེད་དགོས། མ་ལག་ལྡན་པའི་འདུ་ཤེས་ལ་བརྟེན་ནས་མི་འབོར་གྱི་གནད་དོན་ལ་གཅིག་གྱུར་སྒོས་འཆར་འགོད་དང་ཇུས་འགོད་བྱེད་པ་དང་། བཅོས་སྒྱུར་གསར་གཏོད་ལ་བརྟེན་ནས་མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་མི་དམངས་ཀྱི་སྤུས་ཚད་མཐོ་བའི་འཚོ་བ་དང་ཟུང་འབྲེལ་དམ་ཟབ་བཅས་བྱས་ནས། མི་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བར་བྱེད་པ་དང་མི་དམངས་ཡོངས་མཉམ་དུ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སློབ་གསོ་དང་འཕྲོད་བསྟེན་ལས་དོན་གྱི་བཅོས་སྒྱུར་གསར་གཏོད་གཏིང་ཟབ་ཏུ་སྤེལ་ནས། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་བསྐྲུན་རྒྱུ་དེ་མི་འབོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་བཟོ་སྐྲུན་གལ་ཆེན་ཏུ་བརྩིས་ནས། མི་འབོར་ཚན་རིག་རིག་གནས་ཀྱི་བྱང་ཚད་དང་བདེ་ཐང་གི་བྱང་ཚད། བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་བཅས་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། བུ་སྐྱེས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་སྐྲུན་པ་དང་འཐུས་ཚང་དུ་གཏོང་བ་དང་། ཀུན་ཕན་བུ་སྐྱེས་ཞབས་ཞུའི་མ་ལག་འཕེལ་རྒྱས་གང་ལེགས་གཏོང་བ། ཁྱིམ་ཚང་གི་བུ་སྐྱེས་གསོ་སྐྱོང་སློབ་གསོའི་ཁུར་པོ་མངོན་གསལ་སྒོས་ཇེ་ཡང་དུ་གཏོང་བ། བུ་སྐྱེས་ཀྱི་མཛའ་མཐུན་རྣམ་པའི་སྤྱི་ཚོགས་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ། མི་འབོར་ཡུན་རིང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། མི་ཤུགས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱ་རྒྱུར་ཤུགས་བསྣན་ནས། ངལ་རྩོལ་ཞུགས་ཚད་བརྟན་པོ་ཡོང་བར་བྱས་ཏེ་མི་ཤུགས་ཐོན་ཁུངས་བེད་སྤྱོད་ཀྱི་ལས་ཆོས་སྔར་ལས་ཆེ་རུ་གཏོང་དགོས། མི་འབོར་ལོ་ལོན་ཅན་དུ་འགྱུར་བར་ཁ་གཏད་ཧུར་ཐག་འཇལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་ནུས་ལྡན་བྱས་ཏེ། གཞི་རྩའི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། དངུལ་འདོན་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། རིམ་པ་མང་བ་དང་རྨང་རྟེན་མང་བའི་རྒན་གསོའི་འགན་བཅོལ་མ་ལག་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་བ། རྒས་དུས་འཚོ་རྟེན་ཡོད་པ་དང་རྒས་དུས་འཚོལ་སྙེག་ཡོད་པ། རྒས་དུས་སྤྲོ་སྣང་ལྡན་པ་བཅས་མངོན་འགྱུར་ཡོང་གང་ཐུབ་བཅས་བྱེད་དགོས། མི་འབོར་དང་དཔལ་འབྱོར། སྤྱི་ཚོགས། ཐོན་ཁུངས་ཁོར་ཡུག་བཅས་བར་གྱི་འབྲེལ་བར་གཅིག་གྱུར་སྒོས་འཆར་འགོད་སྔར་ལས་གང་ལེགས་བྱེད་པ་དང་། ས་ཁོངས་ཀྱི་དཔལ་འབྱོར་བཀོད་པ་དང་རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་གི་མ་ལག་སྔར་ལས་ཇེ་ལེགས་སུ་གཏོང་བ། མི་འབོར་གྱི་གྲུབ་ཚུལ་ཇེ་ལེགས་སུ་གཏོང་བ། མི་འབོར་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ། མི་འབོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཅས་གཏོང་དགོས།

ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།