ཟླ་ལྔ་པའི་ཚེས་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མགོ་འཛིན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་འདུས་ཚོགས་མགྱོགས་མྱུར་འཕེལ་རྒྱས་གཏོང་བའི་སྐོར་གྱི་བསམ་འཆར་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། གློག་གསོག་རྨང་གཞིའི་སྒྲིག་ཆས་མགྱོགས་མྱུར་ངང་བསྐྲུན་ནས་ནུས་ཁུངས་གསར་པའི་རླངས་འཁོར་གཞི་རིམ་དུ་སྤེལ་བ་དང་དང་གྲོང་གསེབ་དར་སྤེལ་གཏོང་རྒྱུར་སྔར་ལས་རྒྱབ་སྐྱོར་བྱེད་རྒྱུར་བཀོད་སྒྲིག་གང་ལེགས་བྱས།
གྲོས་ཚོགས་ལས་བསྟན་དོན། སྔོན་ཐོན་བཟོ་སྐྲུན་ལས་རིགས་འདུས་ཚོགས་འཕེལ་རྒྱས་གཏོང་རྒྱུ་ནི་ཐོན་ལས་རྩེར་སོན་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་བ་དང་། ཐོན་ལས་ཕྲེང་འབྲེལ་གྱི་མཉེན་གཤིས་དང་བདེ་འཇགས་ཆུ་ཚད་སྔར་ལས་མཐོ་རུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་པས། མཐུན་སྦྱོར་གསར་གཏོད་དང་ཤེས་ལྡན་པ་གཅིག་སྡུད། མ་རྩ་ཇེ་དམའ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བ་སོགས་གཞི་ཁྱོན་གྱི་ཕན་འབྲས་དང་འགྲན་རྩོད་ཀྱི་དགེ་མཚན་ངང་གིས་གྲུབ་པར་ཕན་ཐོགས་ཡོད། སྔོན་ཐོན་བཟོ་སྐྲུན་ལས་རིགས་འདུས་ཚོགས་འཕེལ་རྒྱས་གཏོང་རྒྱུ་དེ་སྔར་ལས་འབུར་ཐོན་གྱི་གནས་སུ་བཞག་སྟེ། རྒྱལ་ཡོངས་མིག་མངས་འགྲིག་སྐོར་གཅིག་ལྟ་བུ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ས་གནས་ཁག་ལ་རང་སོ་སོའི་བཟང་ཆ་འདོན་སྤེལ་བྱེད་པར་ཁྲིད་སྟོན་བྱས་ཏེ། ཆེད་ལས་ཅན་དང་ཧེ་བག་ཅན། ཁྱད་ཆོས་ཅན་བཅས་སུ་བསྒྱུར་བར་འབད་བརྩོན་བྱེད་དགོས། སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་རིམ་སྤོར་དང་གསར་དར་ཐོན་ལས་སྐྱེད་སྲིང་སྟོབས་ལྡན་དུ་གཏོང་རྒྱུར་སྤྱི་འདོམས་སྐུལ་འདེད་གང་ལེགས་གཏོང་བ་དང་། ལག་རྩལ་གསར་གཏོད་དང་ཚུལ་སྒྱུར་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་བ། རྩེར་སོན་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ། སྤུས་ལེགས་ཀྱི་ཁེ་ལས་ཚོགས་སྤྱི་སྟོབས་ལྡན་དུ་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་སྐྲུན་པ་བཅས་བྱེད་དགོས། ནུས་ལྡན་གྱི་ཁྲོམ་ར་དང་སྲིད་གཞུང་ལ་ཕན་པ་འདོགས་རྒྱུ་གཉིས་ཟུང་འབྲེལ་སྔར་ལས་ཡག་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཐོན་ལས་འཕེལ་རྒྱས་ཀྱི་སྐྱེ་ཁམས་བཟང་པོ་སྐྲུན་རྒྱུར་ཤུགས་རྒྱག་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ནུས་ཁུངས་གསར་པའི་རླངས་འཁོར་གཞི་རིམ་དུ་སྤེལ་བར་ཚོད་འཛིན་བྱད་པའི་འགལ་རྐྱེན་མངོན་གསལ་ཅན་ལ་དམིགས་ནས། གློག་གསོག་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་འོས་འཚམ་བྱེད་པ་དང་། གློག་གསོག་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་གཉེར་སྐྱོང་། སྲུང་སྐྱོང་བཅས་ཀྱི་རྣམ་པ་གསར་གཏོད་བྱས་ནས། “འཛུགས་སྐྲུན་བྱེད་མཁན་ཡོད་པ་དང་དོ་དམ་བྱེད་མཁན་ཡོད་པ། རྒྱུན་མཐུད་ཐུབ་པ”བཅས་ལ་འགན་ལེན་བྱེད་དགོས།
གྲོས་ཚོགས་ལས་ད་དུང་ལས་དོན་གཞན་དག་ལའང་ཞིབ་འཇུག་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།