ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གྱིས་དབྱིན་ཇིའི་རྒྱལ་པོ་དང་རྒྱལ་མོ་གཉིས་ཀྱི་ཁྲི་འདོན་མཛད་སྒོར་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།
2023.05.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་ལྔ་པའི་ཚེས་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གྱིས་དབྱིན་ཇིའི་རྒྱལ་པོ་ཁྲ་ཨར་ཟི་སྐུ་ཕྲེང་གསུམ་པ་དང་རྒྱལ་མོ་ཁ་མིས་ལཱའི་ཁྲི་འདོན་མཛད་སྒོར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་དང་ཕིན་ལིས་ཡོན་གྱིས་རྟེན་འབྲེལ་གློག་འཕྲིན་ནང་དུ། དེང་སྐབས་ཀྱི་འཛམ་གླིང་གིས་རྙོག་འཛིང་ཆེ་བའི་འགྱུར་ལྡོག་ཆེན་པོ་ཞིག་དངོས་སུ་མྱོང་བཞིན་ཡོད་ཅིང་། དེ་དང་བསྟུན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་སྔར་བྱུང་མ་མྱོང་བའི་འགྲན་སློང་ཅི་རིགས་ལ་གདོང་གཏོད་དགོས་པར་གྱུར། ཀྲུང་གོ་དང་དབྱིན་ཇི་གཉིས་ཀ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཡིན་པས། རྒྱལ་ཁབ་གཉིས་ཀས་ཕུགས་རྒྱང་རིང་བའི་འཐབ་ཇུས་ལ་བརྟེན་ནས་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་ལོ་རྒྱུས་ཀྱི་རླབས་རྒྱུན་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། མི་དམངས་ཀྱི་མཛའ་མཐུན་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་། གཉིས་ཕན་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། མི་ཆོས་རིག་གནས་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། བརྟན་བརླིང་དང་གཉིས་ཕན་གཉིས་རྒྱལ་གྱི་ཀྲུང་དབྱིན་འབྲེལ་བས་རྒྱལ་ཁབ་གཉིས་དང་འཛམ་གླིང་ལ་བདེ་སྐྱིད་སྔར་ལས་གང་མང་བསྐྲུན་འདོད་ཡོད་ཅེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།