དགོངས་པ་བསླབས་ནས་ཏང་གཤིས་ཇེ་དྲག་ཏུ་གཏོང་བ་དང་ལག་ལེན་ལ་མཐོང་ཆེན་བྱེད་པ། བྱས་རྗེས་གསར་པ་འཇོག་པ་བཅས་བྱེད་དགོས།
2023.05.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 43

ཞིན་ཧྭ་གསར་འགྱུར་ཁང་གིས་དམངས་ཀྱི་འབོད་སྐུལ་དང་ལེན་བྱས་ཏེ་མང་ཚོགས་ཀྱི་དཀའ་ཁག་དང་རེ་ལྟོས་ཐད་གནས་པའི་གནད་དོན་དངོས་ཐག་གཅོད་བྱེད་དགོས་ཞེས་པའི་དུས་དོན་དཔྱད་བརྗོད་སྤེལ་བ་དང་། དཔྱད་བརྗོད་ལས་འདི་ལྟར་བསྟན་ཡོད།

དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པ་དང་མི་དམངས་མང་ཚོགས་ཀྱི་དཀའ་ཁག་དང་རེ་ལྟོས་ཐད་གནས་པའི་གནད་དོན་ཐག་གཅོད་བྱ་རྒྱུ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བརྗོད་དོན་སློབ་གསོའི་ནང་དོན་གལ་ཆེན་ཞིག་ཡིན། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་དགོས་ན། ཅིས་ཀྱང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམིགས་གཞི་ལག་བསྟར་དང་དམངས་ལ་བདེ་སྐྱིད་བསྐྲུན་པའི་སྐོར་གྱི་བླང་བྱ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཡང་དག་ཆུད་པར་བྱས་ནས། “དམངས་ཀྱི་རེ་འབོད་རང་འཁྲིའི་ལས་དོན་དུ་འཛིན་པ”དང“ཞུ་གཏུག་དང་ལེན་བྱས་ན་འཕྲལ་མར་སྒྲུབ་པ”སོགས་འཚོལ་ཞིབ་གང་ལེགས་བྱས་ཏེ། དམངས་འཚོའི་ཁྱབ་ཁོངས་ཀྱི་གནད་དོན་མངོན་གསལ་ཅན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས།

བརྗོད་དོན་སློབ་གསོ་གཏིང་ཟབ་དུ་སྤེལ་དགོས་ན་ཅིས་ཀྱང་དེའི་དམིགས་གཞི་ནི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་གང་ལེགས་བྱས་ཏེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ། ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་ཐམས་ཅད་མི་དམངས་ལ་བརྟེན་རྒྱུ་རྒྱུན་འཁྱོངས་བྱེད་པ། དམངས་ལ་ཐབས་ཇུས་འདྲི་བ་དང་དགོས་མཁོ་དམངས་ལ་འདྲི་བ་བཅས་བྱས་ནས། ཐོག་མཐའ་བར་གསུམ་དུ་མི་དམངས་དང་དབུགས་རྒྱུན་གཅིག་མཐུན་དང་སྐྱིད་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་ཀྱི་སྟེང་ནས་མི་དམངས་མང་ཚོགས་ཀྱི་དཀའ་ངལ་དང་རེ་ལྟོས་ཐད་གནས་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ། དམངས་འཚོར་ཕན་པ་དང་དམངས་སེམས་དྲོ་བ། དམངས་ཀྱི་འདོད་བློ་དང་བསྟུན་པ་བཅས་ཀྱི་ལས་དོན་བཟང་བོར་སྒྲུབ་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་ལྟར་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོ་ཡོང་བར་བྱེད་པ་དང་དམིགས་གཞིའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ། ཐོག་མའི་བསམ་འདུན་དང་ལས་འགན་བརྟན་སྲུང་བྱེད་པ། ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་པ། མི་དམངས་མང་ཚོགས་ཀྱི་བློ་ལ་འབབ་མིན་དེ་བརྗོད་དོན་སློབ་གསོའི་ཕན་འབྲས་ལ་ཤན་འབྱེད་བྱེད་པའི་རྩ་བའི་ཚད་གཞིར་འཛིན་པ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཆེས་སེམས་ཁུར་བྱེད་ཡུལ་དང་ཆེས་ཐད་ཀར་འབྲེལ་བ་ཡོད་པའི་དཀའ་ཁག ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་བཅས་ཐག་གཅོད་ཡག་པོ་བྱས་ནས་དམངས་འཚོར་ཕན་པ་སྐྲུན་དགོས།

དོན་དངོས་སྒྲུབ་པ་དང་དམངས་ཀྱི་སེམས་ཁྲལ་སེལ་བར་ཅིས་ཀྱང་། ལས་ཞུགས་དང་སློབ་གསོ། སྨན་བཅོས། བུ་བཅོལ། སྡོད་ཁང་། རྒན་གསོ་སོགས་དམངས་ཚིས་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་དམ་དུ་དམིགས་ཏེ། དམངས་ཚིས་ལས་གཞིའི་རྩིས་ཐོ་བཟོ་བ་དང་དམངས་ཚིས་གནད་དོན་ཐག་གཅོད་བྱེད་པའི་ལམ་ལུགས་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས། ཏང་ཡོན་མགོ་ཁྲིད་ལས་བྱེད་པས་མང་ཚོགས་དང་ཐད་ཀར་འབྲེལ་གཏུག་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། མང་ཚོགས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་གནད་དོན་ལ་དུས་ཐོག་ཏུ་བརྗོད་གཞི་དགར་ནས་ལན་གསལ་བོ་འདེབས་པ་དང་དོགས་གནད་སེལ་བ། རེ་ཞུ་ལ་ལན་གསལ་བོ་འདེབས་པ་བཅས་བྱེད་དགོས། ཏང་ཡོན་གྱི་དང་བླངས་ཞབས་ཞུའི་ལས་དོན་རྒྱ་ཁྱབ་ངང་སྤེལ་ནས། མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བའི་ཁྲོད་ཏང་ཡོན་གྱི་ནུས་པ་འདོན་སྤེལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

བརྗོད་དོན་སློབ་གསོའི་ཕན་འབྲས་གང་འདྲ་ཡིན་མིན་གྱི་སྐོར་ནས་དམངས་ཚིས་གནད་དོན་མངོན་གསལ་ཅན་ཐག་གཅོད་བྱས་པའི་གནས་ཚུལ་ནི་ཚད་གཞི་གལ་ཆེན་ཞིག་ཡིན། ང་ཚོས་ངེས་པར་དུ་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དེ་ལས་ཀ་ཐམས་ཅད་ཀྱི་རྩ་བའི་དམིགས་འབེན་དང་རྐང་ཚུགས་སར་བྱས་ནས། འབད་བརྩོན་ཆེན་པོས་གནད་དོན་ཐག་གཅོད་དང་ལས་ཀ་ལེགས་བཅོས་བྱེད་པའི་སྟེང་ཤུགས་འདོན་དགོས་པ་ལས། ཕྱི་ཚུལ་གྱི་བཟོ་ལྟ་སྟོན་མི་རུང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་དང་ལྷག་པར་དུ་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་འབད་འབུངས་སྒོས་འཐབ་ཕྱོགས་དང་པོར་བསྐྱོད་དེ། གྲོང་གསེབ་དང་སྡེ་ཁུལ། ཁེ་ལས། སྨན་ཁང་། སློབ་གྲྭ། དཔལ་འབྱོར་རྩ་འཛུགས་གསར་པ། སྤྱི་ཚོགས་རྩ་འཛུགས་གསར་པ་སོགས་གཞི་རིམ་ལས་ཁུངས་སུ་སོང་ནས། གནས་ཚུལ་གསལ་རྟོགས་དང་གནད་དོན་ཁོང་དུ་ཆུད་པར་བྱེད་པ། ཐབས་ཇུས་མང་ཚོགས་ལ་འདྲི་བ། ཐབས་ཇུས་ལག་བསྟར་བྱེད་པ། མཐོང་སྣེ་བརྗེ་རེས་བྱེད་པ། མང་ཚོགས་ཀྱི་བསམ་འཆར་ལ་རྒྱ་ཁྱབ་ངང་ཉན་པ། མང་ཚོགས་ཀྱི་སེམས་ཁུར་བྱེད་དོན་ཤེས་པ། མང་ཚོགས་ཀྱི་དཀའ་ངལ་དངོས་ཐག་གཅོད་ནན་མོ་བྱེད་པ། མང་ཚོགས་ཀྱི་དངོས་ཡོད་དཀའ་ཁག་ཐག་གཅོད་བྱེད་རོགས་བྱེད་པ་བཅས་ལ་འབད་དགོས་པ་ལས་གཞན། ལས་རིམ་ཁག་སོ་སོའི་བཀོད་སྒྲིག་དངོས་འབེབས་མཐར་ཕྱིན་བྱས་ཏེ་ཕན་འབྲས་དངོས་ཐོན་པར་བྱེད་དགོས་ལ། ལྷག་བསམ་རྣམ་དག་དང་སྦྱོར་བ་དངོས་ལ་བརྟེན་ནས་དམངས་ཚིས་ཀྱི་དོན་དངོས་སྒྲུབ་པ་བརྒྱུད། མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་བཅས་མངོན་སུམ་ཇེ་མཐོར་གཏོང་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།