ཟླ་ལྔ་པའི་ཚེས་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་དུ་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧི་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གིས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོབ་དང་མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་ལ་སྐུལ་འདེད་གཏོང་ཆེད་ཐུན་མོང་མ་ཡིན་པའི་ནུས་པ་གལ་ཆེན་བཏོན་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ལུས་རྩལ་བྱ་གཞག་གོང་འཕེལ་གཏོང་རྒྱུར་མཐོང་ཆེན་བྱེད་ཀྱིན་ཡོད་ལ། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་བར་གྲུབ་འབྲས་གཟེངས་སུ་ཐོན་པའི་ངང་ནས་མཉམ་ལས་བྱས་ཡོད། ན་ནིང་ཀྲུང་གོས་འཛམ་གླིང་ལ“སྟབས་བདེ་དང་བདེ་འཇགས།ངོ་མཚར་ཅན། ”བཅས་ཀྱི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་ཕུལ་བར་མ་ཟད། མི་དུང་ཕྱུར་གསུམ་གངས་འཁྱགས་ལུས་རྩལ་ཁྲོད་བདེ་ལེགས་ངང་ཞུགས་སུ་བཅུག ཀྲུང་གོས་དུས་ནམ་ཡང་ཨོ་ལིམ་ཕིག་གི་སྙིང་སྟོབས་བརྒྱུད་སྤེལ་བྱེད་པའི་གོམ་སྟབས་མཚམས་འཇོག་མི་སྲིད་ལ། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་དང་མཉམ་དུ་ཆབ་སྲིད་ཅན་ལ་ངོ་རྒོལ་བྱས་ནས། ཨོ་ལིམ་ཕིག་ལུས་རྩལ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་སྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་སྔར་ལས་གང་མང་འབུལ་འདོད་ཡོད་ཅེས་གསུངས།
པ་ཧི་ཡིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ནི་འགྲན་ཟླ་བྲལ་བའི་ལུས་རྩལ་བྱེད་སྒོ་ཞིག་ཡིན་པས། ཨོ་རྩལ་འགྲན་ཚོགས་ཁྲོད་ཤུལ་བཞག་རྩ་ཆེན་བཞག་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ཨོ་ལིན་ཕིག་གི་ལས་དོན་ཐད་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན་ལ། མཉམ་དུ་ལག་གདང་སྦྲེལ་ནས་ཨོ་ལིམ་ཕིག་ལུས་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གིས་ཨོ་ལིམ་ཕིག་གི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། ལུས་རྩལ་ཆབ་སྲིད་ཅན་དུ་འགྱུར་བར་བཀག་འགོག་མཐའ་གཅིག་ཏུ་བྱས་ནས། མིའི་རིགས་ཀྱིས་ཕན་ཚུན་བར་བསམ་ཤེས་དང་མཐུན་སྒྲིལ་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།