ཟླ་ལྔ་བའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་ཆུ་ལོག་དང་ཐན་སྐམ་གྱི་གནོད་འཚེ་འགོག་པའི་བྱ་བའི་བརྙན་རིས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནོད་འགོག་གནོད་སྐྱོབ་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། ན་ནིང་གི་བྱ་བ་སྤྱི་སྡོམ་བྱས་ལ། མིག་སྔར་གྱི་ཆུ་ལོག་དང་ཐན་སྐམ་འགོག་པའི་གནས་བབ་ལ་དབྱེ་ཞིབ་བྱས་པར་མ་ཟད། ལས་འགན་གཙོ་བོ་བཀོད་སྒྲིག་བྱས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ། ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཚད་མཐའི་བསམ་བློ་བརྟན་པོ་འཛུགས་པ། རྒྱུན་འཁྱོངས་གཉིས་དང་འཕོ་འགྱུར་གསུམ་གྱི་གནོད་འགོག་གནོད་སྐྱོབ་ཀྱི་འདུ་ཤེས་ལག་བསྟར་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་སྔར་ལས་བཟང་བོ་བྱས་ནས། སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་ཆེད་ཆུའི་བདེ་འཇགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས། སྔ་མོ་ནས་སྔོན་འགོག་བྱེད་པ་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། སྔོན་འགོག་བཞིའི་བྱེད་ཐབས་ཇེ་དྲག་ཏུ་གཏོང་བ། གནས་ཚུལ་བཞིའི་འགོག་སྲུང་ལ་ཟུང་འབྲེལ་བྱེད་པ། འགོག་སྲུང་མ་ལག་འཐུས་ཚང་དུ་བཏང་སྟེ། ཆུ་ལོག་དང་ཐན་སྐམ་འགོག་པའི་མི་དམངས་ཀྱི་འགོག་ར་བརྟན་པོ་འཛུགས་དགོས། ཆུ་མཛོད་དང་ཆུ་རགས། ཆུ་རྐ འཛུགས་སྐྲུན་བྱེད་བཞིན་པའི་ཆུ་དང་འབྲེལ་བའི་བཟོ་སྐྲུན། གྲོང་ཁྱེར་གྱི་སྒྲིག་ཆས་སོགས་གནད་འགག་ཡུལ་གནས་ལ་དམ་དུ་དམིགས་པ་དང་། ཉེན་ཁར་བརྟག་བཤེར་དང་རྟོག་སེལ་བྱེད་དགོས། ཆུས་གཏོར་བརླག་བྱས་པའི་བཟོ་སྐྲུན་སླར་གསོ་བྱེད་པ་དང་། དུས་ཐོག་ཏུ་ཆུ་ལོག་འགྲོ་སར་གནོད་བྱེད་པའི་གེགས་རྐྱེན་དངོས་པོ་མེད་པར་བྱས་ནས། ཆུ་ལོག་མ་ཡོང་གོང་ལ་ཆུ་ལོག་འགོག་པའི་རྩོལ་ནུས་ཡོངས་རྫོགས་སླར་གསོ་བྱེད་དགོས། ཆུ་ལོག་རྒྱུག་པའི་སྐབས་སུ་ཆུ་མཛོད་འཁོར་རྒྱུག་དོ་དམ་ལ་ཤུགས་སྣོན་པ་དང་། ཆུ་ལོག་གི་གནོད་འཚེ་བཀག་འགོག་ནན་མོ་བྱེད་པ། གནམ་གཤིས་ཐད་ཀྱི་ཉེན་བརྡ་སྔོན་ཁྲིད་དུ་བྱས་པའི་འཕྲལ་བསྟུན་མཉམ་འབྲེལ་རྐྱེན་སྲོལ་དང་ཐད་ཀར་ཡུལ་དངོས་སུ་འབྱོར་བའི་རྐྱེན་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། དུས་ཚོད་དང་པོའི་ནང་མང་ཚོགས་བརྒྱུད་སྤོར་བྱེད་དགོས། ཆུ་ལོག་དང་ཐན་སྐམ་འགོག་པ་གཉིས་ལ་མཉམ་དུ་དམ་འཛིན་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཆུའི་ཐོན་ཁུངས་བཀོད་སྒྲིག་བྱས་ནས། མཁར་གྲོང་སྡོད་དམངས་དང་ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་ཐད་ཀྱི་ཆུ་བཀོལ་བར་འགན་སྲུང་བྱེད་དགོས། འགོ་ཁྲིད་དང་པོས་འགན་ཁུར་བའི་ལམ་ལུགས་དང་འགོ་ཁྲིད་ཀྱིས་ས་ཁུལ་འགན་ལེན་འབྲེལ་འདྲིས་བྱེད་པའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ་དང་། འཕྲལ་བསྟུན་ནུས་པ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ། ལས་རེས་ལས་སྲུང་གཟབ་ནན་བྱེད་པ། དུས་ནམ་ཡང་སེམས་ཁུར་བྱེད་པའི་འགན་འཁྲི་འདུ་ཤེས་ཀྱིས་འགོག་སྲུང་བྱེད་ཐབས་སྣ་ཚོགས་དམ་འཛིན་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་མི་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེདདགོས།
རིན་ཆེན་མཚོས་བསྒྱུར།