ཟླ་ལྔ་པའི་ཚེས་བརྒྱད་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། འཛམ་གླིང་གི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པའི་མཐུན་འབྲེལ་ཚོགས་ཆེན་སྐབས་བཅུ་པའི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་ཚང་མར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པར་མ་ཟད། འཛམ་གླིང་གི་ས་གནས་སོ་སོ་རུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བར་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་ཞུས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་མཇལ་འཕྲད་ཁྲོད་ཞུགས།
སྔ་དྲོའི་དུས་ཚོད་བཅུ་དང་སྐར་མ་སུམ་ཅུའི་སྟེང་དུ། ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ་ཕེབས་མ་ཐག ཚོགས་ར་ཡོངས་སུ་དུས་ཡུན་རིང་བོའི་བར་དུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས། ཞི་ཅིན་ཕིང་སོགས་ཀྱིས་འཐུས་མི་ཚོར་ཕྱག་གཡུག་གཡུག་བྱས་ནས་གུས་འདུད་ཞུས་པ་དང་། ཚང་མ་དང་ལྷན་དུ་བྱམས་བརྩེའི་ངང་དགོངས་འཆར་བརྗེ་རེས་གནང་བར་མ་ཟད། དྲན་རྟེན་སྐུ་པར་ཡང་བསྐྱོན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥུན་མཇལ་འཕྲད་ཁྲོད་ཞུགས་པར་མ་ཟད། སྔ་དྲོའི་ཚོགས་ཆེན་གྱི་མགོ་རྩོམ་མཛད་སྒོའི་སྟེང་གཏམ་བཤད་ནས་བསྟན་དོན། ཕྱིར་སྡོད་རང་མིར་ཀྲུང་གོ་དང་ཕྱི་རྒྱལ་འཆམ་པོ་ཡོང་བར་བྱེད་པའི་དམིགས་བསལ་གྱི་ལེགས་ཆ་ལྡན་པ་དང་། ཀྲུང་གོ་དང་འཛམ་གླིང་མཐུན་སྦྱོར་ཡོང་བྱེད་ཀྱི་འབྲེལ་ཟམ་དང་འབྲེལ་ཐག་གལ་ཆེན་ཞིག་ཡིན་ལ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གསར་པ་ཞིག་ཀྱང་ཡིན། རེ་བ་ཡིན་ན་རྒྱ་ཆེའི་ཕྱིར་སྡོད་ཀྲུང་གོ་བས་མཉམ་དུ་ལག་གདང་སྦྲེལ་ནས་སེམས་པ་གཅིག་མཐུན་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་རྒྱུ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུའི་འདུ་ཤེས་ལག་ལེན་གཏིང་ཟབ་བྱེད་པ། འཛམ་གླིང་ཞི་བདེ་དང་ཀྲུང་ཕྱིའི་མཛའ་མཐུན་ལ་སྐུལ་འདེད་གང་ལེགས་གཏོང་བ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་མཉམ་ལས་གཉིས་ཕན་ལ་སྐུལ་འདེད་གང་ལེགས་གཏོང་བ། ཀྲུང་ཕྱིའི་བརྗེ་རེས་དང་དཔལ་ཡོན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གང་ལེགས་གཏོང་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་སྐྱོད་ལམ་གསར་བའི་སྟེང་དུ་ལེའུ་གསར་པ་འབད་པས་རྩོམ་དགོས་ཞེས་བསྟན།
འཛམ་གླིང་གི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པའི་མཐུན་འབྲེལ་ཚོགས་ཆེན་ནི་གོ་ལ་ཧྲིལ་པོའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པ་གཙོ་བོ་དང་དེ་བཞིན་འགན་འཁུར་བས་མཐུན་འབྲེལ་བརྗེ་རེས་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཡིན། སྐབས་འདིའི་ཚོགས་ཆེན་གྱིས“ཀྲུང་གོ་དང་ཕྱི་རྒྱལ་འཆམ་པོ་ཡོང་བར་འབད་དེ། མཉམ་དུ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་པ་བརྗོད་གཞིར་བཟུང་ཡོད་ཅིང་། རྒྱལ་ཁབ་དང་ས་ཁུལ་བརྒྱ་དང་སུམ་ཅུ་ལྷག་ནས་ཡོང་བའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པའི་འགན་ཁུར་བ་ལྔ་བརྒྱ་ཙམ་ཐེངས་འདིའི་ཚོགས་ཆེན་ལ་ཞུགས།
ཝང་དབྱི་དང་ཅང་ཙའོ་ཅུན་ཐུག་འཕྲད་ཁྲོད་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།