ཟླ་ལྔ་བའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞོད་འགོག་ཐན་རྒོལ་དང་བདེ་འཇགས་ཐོན་སྐྱེད་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས། ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞོད་འགོག་ཐན་རྒོལ་བྱ་བ་དང་བདེ་འཇགས་ཐོན་སྐྱེད་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། རྒྱལ་ཡོངས་ཀྱི་ཞོད་འགོག་ཐན་རྒོལ་དང་རྒྱལ་ཡོངས་བདེ་འཇགས་འགོག་སྲུང་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་རེ་བ་དོན་འཁྱོལ་ནན་མོ་བྱས་ལ། མིག་སྔར་གྱི་ཞིང་ཆེན་ཡོངས་ཀྱི་ཞོད་འགོག་ཐན་རྒོལ་དང་བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་། གོ་རིམ་རྗེས་མའི་བྱ་བ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་གཞོན་པ་རྣམ་རྒྱལ་གྲོས་ཚོགས་ལ་ཞུགས།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ཞོད་འགོག་ཐན་རྒོལ་དང་བདེ་འཇགས་ཐོན་སྐྱེད་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ལ་འབྲེལ་བ་ཡོད། ཞིང་ཆེན་གོང་འོག་ཡོངས་གཏན་ཕབ་གཉིས་གོང་བཀུར་བྱེད་པ་དང་སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་དུ་འགྲེང་བ་དང་། མིག་སྔར་གྱི་ཞོད་འགོག་བྱ་བ་དང་བདེ་འཇགས་ཐོན་སྐྱེད་གནས་བབ་ཀྱི་ཛ་དྲག་རང་བཞིན་དང་དཀའ་སྡུག་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ། ནམ་ཡང་བདེ་འཇགས་གཙིགས་སུ་འཛིན་པ། ནམ་ཡང་སེམས་ཁྲལ་བྱེད་པའི་འགན་འཁྲི་འདུ་ཤེས་ལ་བརྟེན་ནས། དོ་སྣང་ཆེན་པོ་བྱེད་པ་དང་འགོག་སྲུང་ནན་མོ་བྱེད་པ་དང་། སྔོན་དུ་ཞིབ་འཇུག་བརྡར་གཅོད་བྱེད་པ་དང་སྔ་མོ་ནས་ཁ་གཏད་འཇལ་བ། གནད་དོན་ལ་དམིགས་པ་དང་ཞན་ཆ་ཁ་གསབ་བྱེད་པ། སྟོབས་ཤུགས་ཡོད་རྒུས་ལས་འགན་ལག་བསྟར་བྱས་ཏེ། རྒྱལ་སྲིད་བརྟན་པ་དང་མི་དམངས་བདེ་འཇགས་ཡིན་པ། སྤྱི་ཚོགས་གཏན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཞོད་འགོག་ཐན་རྒོལ་དམ་འཛིན་བྱེད་པ་དང་། འགོག་སྲུང་བྱེད་ཐབས་ཀྱི་གཏན་ཁེལ་རང་བཞིན་གྱིས་ཆུ་ལོག་དང་ཐན་སྐམ་གྱི་གནོད་འཚེ་འབྱུང་བའི་ངེས་གཏན་མིན་པའི་རང་བཞིན་ལ་ཁ་གཏད་འཇལ་བ། ལྟ་ཞིབ་སྔོན་བརྡར་ཤུགས་སྣོན་པ། འཕྲལ་བསྟུན་འཕྲལ་བསྒྲུབ་རྐྱེན་སྲོལ་ལག་བསྟར་ནན་མོ་བྱེད་པ། ཆུ་རྐའི་འགོག་སྲུང་དང་གྲོང་གསེབ་ཀྱི་ཞོད་འགོག རྟོག་སེལ་བཅོས་སྐྱོང་། མཉམ་འགོག་མཉམ་བཅོས་བཅས་དམ་འཛིན་བྱས་ནས། བདེ་འཇགས་ངང་ཆུ་ལོག་རྒྱུག་པའི་དུས་སྐབས་བརྒལ་བར་ཁག་ཐེག་བྱེད་དགོས། བདེ་འཇགས་ཐོན་སྐྱེད་དམ་འཛིན་བྱེད་པ་དང་། མེ་འགོག་མེ་གསོད་དང་གཏེར་རི། གཞུང་ལམ་འགྲིམ་འགྲུལ། ཉེན་ཆེ་དངོས་རྫས། བཟོ་སྐྲུན་ཨར་ལས། ནགས་ཚལ་རྩྭ་སའི་མེ་འགོག་སོགས་བྱ་བ་གཙོ་བོ་དང་གནད་འགག་ཡུལ་གནས་ལ་དམིགས་ནས། ཉེན་ཁར་བརྟག་བཤེར་བཅོས་སྐྱོང་དང་བདེ་འཇགས་དོ་དམ་བྱེད་པ་དམ་འཛིན་བྱེད་དགོས། འཕྲལ་བསྟུན་ནུས་པ་རྒྱུན་མཐུད་ངང་མཐོར་འདེགས་གཏོང་བ་དང་། འཕྲལ་བསྟུན་སྔོན་བརྡ་དང་ཉེན་སྐྱོབ་མྱུར་སྐྱོར། གནོད་འགོག་བདེ་སྐྱོང་སོགས་བྱ་བ་བཟང་བོར་བསྒྲུབ་ནས། ཞིབ་འཇུག་བརྡར་གཅོད་དང་བཀོད་གཏོང་། དཔུང་སྡེ་འཛུགས་སྐྲུན། འཕྲལ་བསྟུན་འཁྲབ་སྦྱོང་། དངོས་ཟོག་ཉར་གསོག ལས་རེས་ལས་སྲུང་བཅས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དགོས།
ཝུའུ་ཞའོ་ཅུན་གྱིས། ས་ཁུལ་སོ་སོས་ཞོད་འགོག་ཐན་རྒོལ་དང་བདེ་འཇགས་ཐོན་སྐྱེད་ཀྱི་ཁོངས་གཏོགས་ས་ཆའི་འགན་འཁྲི་གཏན་ཁེག་གསལ་བོ་བྱེད་པ་དང་། ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོས་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་སྔོན་ལ་བཀོད་འདོམས་བྱེད་པ། བདེ་འཇགས་ཐོན་སྐྱེད་སྡེ་ཁག་གིས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། ཁེ་ལས་ཀྱིས་གཙོ་གཞིའི་འགན་འཁྲི་ཕྲག་ཏུ་ལེན་པ་བཅས་བྱས་ནས། བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ་དང་། ཞོད་འགོག་ཐན་རྒོལ་ཐད་ནས་ནོར་འཛོལ་གཅིག་ཀྱང་མི་འབྱུང་བར་ཁག་ཐེག་བྱེད་པ། དོན་རྐྱེན་ཆེན་པོ་འབྱུང་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས་པའི་རེ་བ་བཏོན།
ཚོགས་ཐོག་ཏུ། ཞོད་འགོག་གནོད་སྐྱོབ་ཀྱི་དྲིལ་སྒྲོག་གློག་བརྙན་ལ་བལྟས་པ་དང་། 2022ལོའི་ཞིང་ཆེན་ཡོངས་ཀྱི་ཞོད་འགོག་ཐན་རྒོལ་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་ལ། ཆེད་དུ་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་དོན་རྐྱེན་ཆེན་པོའི་ཉེན་ཁ་བརྟག་བཤེར་བཅོས་སྐྱོང་འགུལ་སྐྱོད་ཐད་ནས་བཀོད་སྒྲིག་བྱས།
གྲོང་ཁྱེར་དང་ཁུལ། རྫོང་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས།