ཞིན་ཧྭ་གསར་འགྱུར་ཁང་གིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་ཅིས་ཀྱང་ལྡེ་མིག་རེ་རེས་སྒོ་མོ་རེ་རེ་འབྱེད་དགོས་པ་ལས་གཅིག་དཔེ་བརྒྱ་འགེབས་གཏན་ནས་བྱེད་མི་རུང་ཞེས་པའི་དུས་དོན་དཔྱད་བརྗོད་སྤེལ་བ་དང་། དཔྱད་བརྗོད་ལས་འདི་ལྟར་བསྟན་ཡོད།
མིག་སྔར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྐོར་ཐེངས་དང་པོ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་ཁྱོན་ཡོངས་ནས་དེར་སྐུལ་འདེད་གཏོང་བཞིན་ཡོད། སྤུས་ཚད་མཐོ་བའི་སྒོ་ནས་བརྗོད་དོན་སློབ་གསོ་ཡག་པོ་སྤེལ་བར་ཅིས་ཀྱང་བདེན་པ་བདེན་ཐུབ་ཀྱི་ཆ་འབུར་དུ་ཐོན་པར་བྱེད་དགོས། དངོས་ཐོག་བདེན་འཚོལ་དང་དོན་དངོས་ཁྲོད་ཟབ་འཇུག་བྱེད་པ། དངོས་ཕན་དོན་གཉེར་བཅས་བྱས་པ་ཡིན་ན། གཞི་ནས་བརྗོད་དོན་སློབ་གསོའི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་མཐོ་རུ་བཏང་ནས། བརྗོད་དོན་སློབ་གསོའི་ལས་འགན་ཚང་མ་ཕུན་སུམ་ཚོགས་པོའི་ངང་ཡོངས་འགྲུབ་བྱེད་ཐུབ།
གནའ་མིའི་བཤད་རྒྱུན་ལ་ལྡེ་མིག་རེ་རེ་ཡིས་སྒོ་མོ་རེ་རེ་འབྱེད་དགོས་ཞེས་པ་ལྟར་དུ། ས་གནས་དང་སྡེ་ཁག ལས་ཁུངས་བཅས་ཀྱིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་རྒྱུ་དེ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ནས། ས་གནས་དང་སྡེ་ཁག ལས་ཁུངས་སོ་སོའི་ལས་དོན་གཙོ་བོ་དང་ཟུང་འབྲེལ་བྱས་ཏེ། ངོས་གཉིས་ཀྱི་སྣང་ཚུལ་སྔོན་འགོག་དང་། ཁ་བཤད་ཙམ་ལས་ལག་བསྟར་མེད་པའི་སྣང་ཚུལ་ཅི་རིགས་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། ལག་བསྟར་ཇུས་གཞི་གཏན་འབེབས་བྱས་པ་ནས་གཞུང་ལུགས་སློབ་སྦྱོང་བྱས་པའི་བར་དང་། དེ་ནས་བྱ་བ་དངོས་ལ་སྐུལ་འདེད་བཏང་བའི་བར་དུ་ཚད་གཞི་མཐོན་པོ་དང་བླང་བྱ་ནན་མོ་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། ཡུལ་བབ་དང་བསྟུན་པའི་རང་རྟོགས་རང་བཞིན་དང་དངོས་ཕན་རང་བཞིན་སྔར་ལས་འབུར་དུ་ཐོན་པར་བྱེད་དགོས།
ལྷམ་རྐང་པ་དང་འཚམ་མིན་རང་གིས་གྱོན་ན་ད་གཟོད་ཤེས། སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོའི་ཁྱབ་རྒྱ་ཆེ་ཞིང་། དེ་དང་འབྲེལ་བ་ཡོད་པའི་ལས་ཁུངས་དང་རིམ་པ་མང་བར་མ་ཟད། ས་ཁུལ་མི་འདྲ་བ་དང་ཁྱབ་ཁོངས་མི་འདྲ་བ། ལས་རིགས་མི་འདྲ་བ་བཅས་ཀྱི་གནས་ཚུལ་ལ་ཁྱད་པར་ཡོད་པ་དང་ཁྱད་ཆོས་ལྡན་པའི་དབང་གིས། གཞི་གཅིག་ཅན་གྱི་ལམ་ནས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་རིགས་དགར་ནས་མཛུབ་སྟོན་བྱ་རྒྱུར་ཤུགས་སྣོན་དགོས། རིམ་པ་མི་འདྲ་བའི་མགོ་ཁྲིད་ཚན་ཁག་དང་རིགས་མི་འདྲ་བའི་ཏང་ཡོན་ལས་བྱེད་པས་དོན་དངོས་དབྱེ་འབྱེད་ལ་མཐོང་ཆེན་བྱས་ཏེ། དམིགས་འབེན་ཡོད་པའི་སྒོ་ནས་བྱེ་བྲག་གི་བླང་བྱ་འདོན་པ་དང་། ཚད་གཞི་ཇེ་དམའ་རུ་གཏོང་བར་སྔོན་འགོག་བྱེད་དགོས་ལ། རྨོངས་ཚོད་ཀྱིས་ཚད་ཤིང་ཇེ་མཐོར་གཏོང་བར་བཀག་འགོག་བྱེད་དགོས། དོན་དངོས་དང་མི་མཐུན་པའི་སྒོ་ནས་གཅིག་དཔེ་བརྒྱ་འགེབས་བྱེད་པ་དང་། ཁྱད་པར་སྣང་མེད་དུ་བཞག་ནས་མཐོང་ཆུང་བྱེད་པ། ཕྱི་ཚུལ་ནས་བལྟས་ན་ཚ་ཚ་འུར་འུར་བྱེད་བཞིན་ཡོད་ནའང་དོན་དངོས་སུ་གནད་དོན་གྱི་འབྱུང་རྩ་ཐག་གཅོད་བྱས་མེད་པ། ཐ་ན་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གསར་པ་བསྐྱེད་སླ་བ་བཅས་ལ་གཟབ་དགོས། སྤྱོད་གོ་ཆོད་ཅིང་ཕན་ནུས་ལྡན་པའི་བྱ་བའི་ཉམས་མྱོང་དང་བྱེད་ཐབས་མུ་མཐུད་འཚོལ་ཞིབ་བྱས་ནས། བདེན་པ་བདེན་ཐུབ་ཅེས་པའི་སྐད་ཆ་འདི་བརྗོད་དོན་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།
རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ཁྱད་པར་དུ་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་བརྟག་དཔྱད་ཞིབ་འཇུག་གིས་ལམ་འབྱེད་པ་དང་། གོམ་སྟབས་ཆེན་པོས་དམངས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་ཚད་འཇལ་བྱེད་པ། གཞི་རིམ་དུ་བསྐྱོད་དེ་བྱེད་ཐབས་གང་མང་འཚོལ་བ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ས་ནས་ཉམས་མྱོང་མང་ཙམ་ལེན་དགོས། ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་དང་བྱ་བའི་སྤྲོ་སེམས་དེ་མཁྲེགས་གཏོར་དཀའ་སེལ་དང་ལས་སྒྲུབ་ལས་སྐྲུན་གྱི་སྒུལ་ཤུགས་ཆེན་པོ་རུ་འགྱུར་བར་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་དེ་གནད་དོན་གྱི་འབྱུང་རྩ་ངོས་ཟིན་པར་བྱེད་པ་དང་གནད་དོན་དངོས་ལ་དབྱེ་ཞིབ་བྱས་ནས། དོན་ཆུང་ལ་མི་འཛེམ་པ་དང་ཉེན་ཁ་ལས་མི་གཡོལ་བ། དོན་དངོས་མང་ཙམ་སྒྲུབ་པ་བཅས་བྱས་ཏེ། ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་འཇོན་ཐང་སྦྱོང་བརྡར་དང་འཇོན་ཐང་ཆེ་རུ་གཏོང་བར་སྐུལ་མ་གཏོང་དགོས།
བན་དེ་སྐྱབས་ཀྱིས་བསྒྱུར།