ཟླ་ལྔ་པའི་ཚེས་དགུ་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཡོངས་ཀྱིས་ཆུ་དཔོན་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་དང་ཐིན་བར་གྱི་མཉམ་འབྲེལ་གྲོས་ཚོགས་ཟི་ལིང་དུ་བསྡུས། ཚོགས་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་་དང་ལག་བསྟར་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆུ་དཔོན་མཚོ་དཔོན་ལམ་ལུགས་ལ་ཤུགས་སྣོན་པའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ལ། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། རང་ཞིང་གི་ཆུ་དཔོན་མཚོ་དཔོན་ལམ་ལུགས་དང་ཆུ་མཚོའི་དོ་དམ་ཐད་ཀྱི་བྱ་བ་གཙོ་བོར་ཞིབ་འཇུག་བྱས་ལ། དུས་རིམ་རྗེས་མའི་གཙོ་གནད་བྱ་བ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨའི་ཧྲུའུ་ཅི། མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཁྲིན་ཀང་གིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད།
ཚོགས་ཐོག་ནས་བསྟན་དོན། ཆུ་དཔོན་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་ཇུས་འགོད་དང་དངོས་སུ་བཀོད་སྒྲིག དངོས་སུ་སྐུལ་འདེད་བཏང་བའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པའི་ལམ་ལུགས་གལ་ཆེན་ཐད་ཀྱི་གསར་གཏོད་ཡིན། རང་ཞིང་གིས་གནས་མཐོན་པོ་ནས་ཆུ་དཔོན་མཚོ་དཔོན་ལམ་ལུགས་ལག་བསྟར་བྱས་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་བཏང་བ་དང་། ཆུ་མཚོའི་མཛོད་ཀྱི་སྐྱེ་ཁམས་བར་སྟོང་བསྐྱར་འཛུགས་བྱས་ལ། ཆུའི་གནོད་འཚེ་འགོག་སྲུང་གི་ནུས་པ་བརྟན་བརླིང་ངང་མཐོར་འདེགས་སུ་བཏང་བ་དང་། ཆུའི་ཐོན་ཁུངས་ཀྱི་གཅུན་ཐབས་ནན་མོ་རྒྱུན་མཐུད་ངང་ཇེ་དྲག་ཏུ་བཏང་ལ། ཆུའི་སྐྱེ་ཁམས་མ་ལག་བཅོས་སྐྱོང་ཐད་ནས་སྤུས་འདེགས་ནུས་སྤེལ་བྱས་པ་དང་། ཆུའི་ཁོར་ཡུག་སྤྱིའི་སྤུས་ཚད་བཟང་བོ་སྲུང་འཛིན་བྱས་ཤིང་ཆུ་མཚོའི་དོ་དམ་ནུས་པ་བརྟན་བརླིང་ངང་ཇེ་ཆེར་བཏང་།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྐྱེ་ཁམས་གཙོར་འཛིན་པ་དང་ཆུ་དྭངས་མོ་བླ་སྲོག་ཏུ་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ནི་མཚོ་སྔོན་གྱི་བྱ་བ་གལ་ཆེན་ཡིན་པ་དང་། ཆུ་སྐྱོང་ཆུ་དར་ནི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་གནད་འགག་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆུ་སྐྱོང་དགོངས་པ་མཚོ་སྔོན་གྱི་འཕེལ་རྒྱས་ཁྲོད་འདྲེས་པར་བྱེད་པ་དང་བརྗོད་དོན་སློབ་གསོའི་ཁྲོད་འཇོག་པ། མགོ་ཁུངས་ཀྱི་འགན་འཁྲི་དང་མ་ཆུའི་ཁག་ཁུར་ཕྲག་ཏུ་བླངས་ནས། ཆུ་དཔོན་མཚོ་དཔོན་ལམ་ལུགས་ཀྱི་བྱ་བ་བཟང་བོར་སྒྲུབ་རྒྱུ་དེ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པའི་ཤུགས་ཡོད་ལག་ལེན་དུ་བརྩི་དགོས། འགན་འཁྲི་ཕྲག་ཏུ་ལེན་པ་དང་། ཁག་ཁུར་འབད་འཐབ་བྱེད་པ། ཆུའི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པ་དང་ཆུ་མཚོའི་མགོ་ཁོངས་དང་འགྲམ་རྒྱུད་ལ་དོ་དམ་སྲུང་སྐྱོབ་བྱེད་པ། ཆུ་བཙོག་བཟོ་ཕྱོགས་བསྡུས་འགོག་བཅོས་དང་། ཆུ་མཚོའི་ཁོར་ཡུག་བཅོས་སྐྱོང་། ཆུའི་སྐྱེ་ཁམས་སླར་གསོ་བྱེད་པ། ཆུ་མཚོའི་སྐྱེ་ཁམས་ཁྲིམས་འཛིན་ལྟ་སྐུལ་སོགས་ཀྱི་འགན་འཁྲི་གལ་ཆེན་ལག་བསྟར་བྱས་ཏེ། མདོ་དབུས་མཐོ་སྒང་གི་ཆུ་མཚོའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས། སྒྲིག་གཞི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། གོང་འོག་མཉམ་འབྲེལ་དང་མཉམ་འགོག་མཉམ་སྡོམ་བྱེད་པ། ཆུ་དཔོན་མཚོ་དཔོན་ལམ་ལུགས་བྱ་བའི་ཐད་ནས་གོམ་སྟབས་གཅིག་གྱུར་བྱེད་པ་དང་མཉམ་ལས་ཕན་མཐོ་ཡོང་བར་བྱེད་པ། སྤྱི་ཚོགས་ངོས་ཕྱོགས་ནས་མཉམ་འཛུགས་མཉམ་བཅོས་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོབ་པ་བྱེད་དགོས།
ཚོགས་ཐོག་ནས། གནད་དོན་གྱི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་། ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་དང་ཀུན་གྱིས་ཐབས་ཤུགས་བཏོན་ནས་རང་ཞིང་གི་ཆུ་བཙོག་བཟོ་ཐག་གཅོད་ནུས་པ་མཐོར་འདེགས་སུ་གཏོང་བ། གད་སྙིགས་རིགས་བགར་ཉུང་གཏོང་དང་ཚད་ལྡན་སྒོས་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ནས། སྤུས་ཚད་མཐོ་བའི་ངང་བདེ་སྐྱིད་ཆུ་མཚོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པ་དང་རྨ་ཆུ་ཟི་ལིང་དུ་འདྲེན་པ་སོགས་ཀྱི་ཆུ་བེད་བཟོ་སྐྲུན་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། ཞན་ཆ་གསབ་པ་དང་རྨང་གཞི་ཇེ་བརྟན་དུ་གཏོང་བ། ཐོན་སྐྱེད་དང་འཚོ་བ། སྐྱེ་ཁམས་ཆུ་བཀོལ་ལ་གཅིག་འདོམས་བྱས་ཏེ། བཟོ་སྐྲུན་རང་བཞིན་གྱི་ཆུ་དཀའ་བའི་གནད་དོན་ཐག་གཅོད་དགོས། གནམ་གཤིས་མི་བཟང་བ་དང་ཞོད་འགོག་གནོད་སྐྱོབ་ཐད་ཀྱི་གྲ་སྒྲིག་བྱ་བ་སྣ་ཚོགས་ལ་ཁ་གཏད་འཇལ་བ་དང་། ཉམས་ཞན་དུས་རིམ་ལ་དམ་དུ་དམིགས་པ། ཉམས་མྱོང་བསླབ་བྱ་བསྡུ་ལེན་བྱེད་པ། ཞོད་འགོག་འཕྲལ་བསྟུན་ཇུས་གཞི་འཐུས་ཚང་དུ་གཏོང་བ། བཀོད་འདོམས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། འཕྲལ་བསྟུན་འཁྲབ་སྦྱོང་སྤེལ་བ། འཕྲལ་བསྟུན་ལན་འདེབས་རྐྱེན་སྲོལ་ལག་བསྟར་བྱས་ནས། བདེ་འཇགས་ངང་ཆུ་ལོག་རྒྱུག་པའི་དུས་སྐབས་བརྒལ་བར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།
ཞིང་ཆེན་གྱི་མགོ་ཁྲིད་ཚེ་རིང་ཐར་དང་ཀྲུའུ་ཞང་ཧྥིན། ལིའུ་ཐའོ་བཅས་གྲོས་ཚོགས་ལ་ཞུགས། ཚོགས་ཐོག་ནས་ཞིང་ཆེན་ཡོངས་ཀྱི་ཆུ་དཔོན་མཚོ་དཔོན་ལམ་ལུགས་དང་ཆུ་མཚོའི་དོ་དམ་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན། ཟི་ལིང་དང་མཚོ་ཤར། མཚོ་ལྷོ། ཡུས་ཧྲུའུ་སོགས་གྲོང་ཁྱེར་དང་ཁུལ་གྱི་འགན་ཁུར་བློ་མཐུན་གྱིས་བྱ་བ་ཡར་ཞུ་བྱས། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་དང་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་གྱི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་བྱས།
རིན་ཆེན་མཚོས་བསྒྱུར།