ཞི་ཅིན་ཕིང་གིས་ཧི་པེ་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་།
2023.05.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་ལྔ་པའི་ཚེས་བཅུ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧི་པེ་ཞིང་ཆེན་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་ནས། སྐུ་ངོ་མས་མགོ་འཛིན་མཛད་དེ་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་གསུང་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། ཞུང་ཨན་ཁུལ་གསར་དེ་གཞི་ཁྱོན་ཆེན་པོའི་སྒོ་ནས་འཛུགས་སྐྲུན་བྱེད་པ་དང་། པེ་ཅིང་གི་རྒྱལ་ས་ལས་འདས་པའི་ནུས་པ་གློད་བཀྲོལ་གཏོང་བའི་་གནད་འགག་གི་དུས་རིམ་དུ་སླེབས་ཡོད་ཅིང་། བྱ་བའི་གཙོ་གནད་དེ་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་ཆུ་ཚད་མཐོ་བའི་དོ་དམ། སྤུས་ཚད་མཐོ་བའི་གསེད་བཀྲོལ་འཕེལ་རྒྱས་བཅས་ཀྱི་མཉམ་འཛིན་གྱི་ཕྱོགས་སུ་བསྒྱུར་ཡོད། ཡིད་ཆེས་བརྟན་གཏོང་དང་བརྟན་ཤུགས་རྒྱུན་འཁྱོངས། ཏན་ཏན་ཏིག་ཏིག་གིས་ལས་ཀ་བྱེད་པ། ལེགས་སྒྲུབ་ཡོངས་འགྲུབ་ཡོང་བ་བཅས་བྱས་ཏེ། ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་བཅས་ཀྱིས་རྟོག་ཞིབ་གནང་རོགས་མཛད་པ་དང་བཞུགས་མོལ་ཚོགས་འདུར་ཞུགས།

ཟླ་ལྔ་པའི་ཚེས་བཅུ་ཉིན། ཞི་ཅིན་ཕིང་གིས་ཧི་པེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཉི་ཡུའེ་ཧྥུན་དང་ཧྲིན་ཀྲང་ཝང་ཀྲིན་ཕུའུ་ཡི་འགྲོ་རོགས་འོག་ཏུ། ཞུང་ཨན་ཁུལ་གསར་གྱི་མྱུར་བགྲོད་ལྕགས་ལམ་ས་ཚིགས་དང་སྡེ་ཁུལ། འཛུགས་སྐྲུན་ལས་ཡུལ་སོགས་སུ་བསྐྱོད་དེ། ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བའི་སྒོ་ནས་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལས་དོན་ལ་རྟོག་ཞིབ་གནང་།

ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཞུང་ཨན་ཁུལ་གསར་བསྐྲུན་པའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ཆ་ཚང་བ་དང་ནོར་བ་མེད་པ། ཁྱོན་ཡོངས་བཅས་ཀྱི་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་ཀྱི་དངོས་ཡོད་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ལ་གོ་བ་གཏིང་ཟབ་བླངས་ནས། ཞུང་ཨན་ཁུལ་གསར་གྱི་བྱེད་ནུས་ངེས་གནས་དང་། ལས་འགན་དང་རྩ་དོན་བླང་བྱ་ཁོང་དུ་བརྟན་པོར་ཆུད་པར་བྱས་ཏེ། ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་བཏང་ནས། ལོ་རྒྱུས་ཀྱི་ངང་རྒྱུད་རིང་པོ་རྒྱུན་འཁྱོངས་བྱས་ཏེ། སྐབས་འཕྲལ་གྱི་དམིགས་འབེན་དང་ཕུགས་ཡུན་གྱི་དམིགས་འབེན། གྲོང་ཁྱེར་འཛུགས་སྐྲུན་གྱི་མྱུར་ཚད་དང་མི་འབོར་གཅིག་སྡུད་ཀྱི་གཞི་ཁྱོན། ཐོན་ལས་གཞན་སྒྱུར་དང་ཐོན་ལས་རིམ་སྤོར། སྲིད་གཞུང་དང་ཁྲོམ་ར། པེ་ཅིང་གི་རྒྱལ་ས་ལས་འདས་པའི་ནུས་པ་གློད་བཀྲོལ་དང་གྲོང་ཁྱེར་རང་ངོས་ཀྱི་འཕེལ་རྒྱས། གྲོང་ཁྱེར་འཛུགས་སྐྲུན་དང་ཉེ་འཁོར་གྱི་གྲོང་གསེབ་དར་སྤེལ་སོགས་ཀྱི་འབྲེལ་བ་གལ་ཆེན་འབྲེལ་མཐུད་གང་ལེགས་བྱས་ནས། ཞུང་ཨན་ཁུལ་གསར་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་ལ་འགན་ལེན་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཁྱབ་ཁོངས་ཁག་གི་བཅོས་སྒྱུར་སྒོ་འབྱེད་ཀྱི་མདུན་ཕྱོགས་སྲིད་ཇུས་ཀྱི་བྱེད་ཐབས་དང་རྒྱང་ལྟའི་རང་བཞིན་གྱི་གསར་གཏོད་ཚོད་ལྟའི་དཔེ་སྟོན་ལས་གཞི་དེ་ཞུང་ཨན་དུ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ནུས་པ་གསར་པ་དང་སྣང་བརྙན་གསར་པ། ཐོན་ལས་གསར་པ། འཇོན་མི་གསར་པ། ལམ་སྲོལ་གསར་པ་བཅས་འབད་པས་བསྐྲུན་ནས། ཞུང་ཨན་ཁུལ་གསར་དུས་རབས་གསར་པའི་གསར་གཏོད་ཀྱི་མཐོ་ས་ཞིག་དང་ལས་སྐྲུན་བྱ་ཡུལ་ཞིག་ཏུ་འགྱུར་བར་བྱེད་དགོས། ཁྲོམ་ར་ཅན་དང་ཁྲིམས་ལུགས་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་ནས། དམིགས་བསལ་གྱི་རྒྱབ་སྐྱོར་སྲིད་ཇུས་རབ་དང་རིམ་པར་ཞིབ་འཇུག་བྱས་ནས་དངོས་སུ་བཏོན་ཏེ། རྒྱལ་ཁབ་ཕྱི་ནང་གི་སྟོབས་ཤུགས་དང་མ་རྩ་རྒྱ་ཁྱབ་ངང་བསྡུ་ལེན་དང་བསྡུ་རུབ་བྱས་ནས། ཞུང་ཨན་ཁུལ་གསར་འཛུགས་སྐྲུན་དང་འཕེལ་རྒྱས་ཁྲོད་ཞུགས་སུ་བཅུག་སྟེ། མི་རྣམས་ཀྱིས་ཡིད་སྨོན་བྱེད་ས་དང་རྒྱུ་རྐྱེན་མཉམ་འདུས། མཉམ་ཤུགས་མཉམ་སྐྲུན། ཐུན་མོང་འཕེལ་རྒྱས་བཅས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་གྲུབ་པར་བྱེད་དགོས། སྔོན་ཐོན་གྱི་ཚན་རིག་ལག་རྩལ་རྒྱ་ཁྱབ་ཏུ་བེད་སྤྱོད་དང་ཚན་རྩལ་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་བར་ཤུགས་སྣོན་པ། ཚན་རྩལ་གྱི་གྲུབ་འབྲས་ཚུལ་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ། ལས་རྣམ་གསར་པ་དང་མ་དཔེ་གསར་པ་འཕེལ་རྒྱས་གང་ལེགས་གཏོང་བ། འཕར་གཞི་གསར་པ་གསོ་སྐྱོང་དང་འགུལ་ནུས་གསར་པ་གྲུབ་པར་བྱེད་པ། རིག་ནུས་དང་ལྗང་མདོག གསར་གཏོད་བཅས་ནི་ཞུང་ཨན་ཁུལ་གསར་གྱི་བཀྲག་མདངས་འཚེར་བའི་མིང་བྱང་དུ་འགྱུར་བར་བྱེད་དགོས། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་བསྟར་བྱས་ཏེ། ལྗང་མདོག་ཅན་དང་ཐཱན་ཉུང་ཅན་གྱི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས། ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བྱ་རྒྱུ་དེ་ལྗང་མདོག་འཕེལ་རྒྱས་གྲོང་ཁྱེར་གྱི་དཔེ་མཚོན་དུ་འགྱུར་བར་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕིང་གིས་ཞུང་ཨན་ཁུལ་གསར་གྱི་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་དང་དེ་བཞིན་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་བརྗོད་དོན་སློབ་གསོ་ནན་ཏན་ངང་སྤེལ་དགོས་པར་མ་ཟད། དེ་གོ་སྐབས་སུ་བརྩིས་ནས་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་བསྣན་ནས། བསམ་བློ་བཅིངས་འགྲོལ་དང་ནུས་པ་མཐོ་རུ་གཏོང་བ། སྤྱོད་ཚུལ་སྒྱུར་བ། ལས་དོན་དོན་འཁྱོལ་གང་ལེགས་བཅས་ལ་སྐུལ་འདེད་བཏང་ནས། ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་སྔར་ལས་ཆེ་རུ་གཏོང་དགོས། “སྤྱོད་ངན་བཞིའི”གནད་དོན་མུ་མཐུད་དུ་དག་ཐེར་ཡོ་བསྲང་གང་ལེགས་བྱས་ནས། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་བྱས་ཏེ།“སྤྱོད་གཙང་ཞུང་ཨན”ལ་བརྟེན་ནས“ཞུང་ཨན་གྱི་སྤུས་ཚད”ལ་འགན་ལེན་བྱེད་དགོས་ཞེས་གསུངས།

ལིས་ཆང་གིས་གསུང་བཤད་གནང་སྐབས། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཆེས་རྩ་བ་དང་ཆེས་གནད་འགག་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སློབ་སྦྱོང་དང་གོ་བ་ཡང་དག་ལེན་པ་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་རྒྱུ་དེ་ཡིན།“སྟོང་ལོའི་ཇུས་ཆེན”གྱི་བརྟན་ཤུགས་ཡོད་དགོས་པ་དང་། ཞུང་ཨན་ཁུལ་གསར་གྱི་བྱེད་ནུས་ངེས་གནས་དང་འགན་འཁྲི་དང་ལས་འགན་ཁོང་དུ་བརྟན་པོར་ཆུད་པར་བྱས་ནས། ཏན་ཏན་ཏིག་ཏིག་གིས་ལས་དོན་སྤེལ་བ་དང་ཡུན་རིང་འབད་བརྩོན་བྱེད་དགོས། དུས་ཚོད་སྐར་ཆ་ཙམ་ཡང་ཆུད་ཟོས་སུ་མི་གཏོང་བའི་ངར་ཤུགས་ལ་བརྟེན་ནས། ངེས་པར་དུ་སྒྲུབ་དགོས་པའི་བྱ་བ་རྣམས་ལག་ཏུ་དམ་པོར་འཛིན་པ་དང་སྒུག་ནས་མི་སྡོད་པ། ལས་དོན་མགྱོགས་པོར་སྒྲུབ་པ། པེ་ཅིང་གི་རྒྱལ་ས་ལས་འདས་པའི་ནུས་པ་གང་མགྱོགས་ཀྱིས་གློད་བཀྲོལ་གཏོང་བ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འབད་པས་འཛུགས་པ་བཅས་བྱས་ནས། ཕྱོགས་སོ་སོའི་ཧུར་བརྩོན་རང་བཞིན་འདོན་སྤེལ་གང་ལེགས་བྱས་ཏེ། ལས་དོན་ཁག་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

ཏེན་ཞུའེ་ཞང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཚན་རྩལ་གསར་གཏོད་བྱ་རྒྱུ་དེ་ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་གཞི་རྩར་བརྩིས་ནས། རང་བརྟེན་གསར་གཏོད་དང་གདོད་མའི་གསར་གཏོད་ཀྱི་འབྱུང་གནས་གལ་ཆེན་ནུས་ཤུགས་ཡོད་རྒུས་བསྐྲུན་པ་དང་། གསར་གཏོད་ཀྱི་སྟེགས་བུ་རྩེ་གྲ་བསྐྲུན་པ། ཆུ་ཚད་མཐོ་བའི་ཚན་རྩལ་གསར་གཏོད་བཅས་བྱེད་དགོས། གསར་གཏོད་ཀྱི་ཕྲེང་འབྲེལ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་པ་དང་། ཐོན་ལས་འབྲེལ་ཐག་ལ་དམིགས་བཙུགས་ཏེ་གསར་གཏོད་འབྲེལ་ཐག་བཀོད་སྒྲིག་བྱེད་པ། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ། མཐོ་གསར་ལག་རྩལ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ནུས་ཤུགས་ཡོད་རྒུས་པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་མཐུན་སྦྱོར་གསར་གཏོད་ཀྱི་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་དང་། ཁེ་ཕན་མཉམ་སྤྱོད་བྱེད་སྟངས་གསར་གཏོད་བྱེད་པ། གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་སྔར་ལས་གང་མང་བསྡུ་ལེན་བྱས་ནས། ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཞུགས་དགོས་ཞེས་གསུངས།

ལིས་ཀན་ཅེ་དང་ཧི་ལིས་ཧྥུན་སོགས་ཀྱིས་རྟོག་ཞིབ་བྱེད་རོགས་བྱས་ནས་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཝུའུ་ཀྲིན་ལུང་དང་མུའུ་ཧུང་། ཅང་ཞིན་ཀྲི་བཅས་དང་། དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་དམག་དཔུང་གི་འབྲེལ་ཡོད་ལས་ཁུངས། ཧི་པེ་ཞིང་ཆེན། ཞུང་ཨན་ཁུལ་གསར། འབྲེལ་ཡོད་ཁེ་ལས་ཀྱི་འགན་འཁུར་བློ་མཐུན་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།