ཟླ་ལྔ་པའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དང་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུའུ་རུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། སློབ་སྦྱོང་ཁྲོད་འཕེལ་རྒྱས་ལ་ཇུས་འགོད་བྱེད་པ་དང་། ལག་ལེན་ཁྲོད་གྲུབ་འབྲས་བརྩོན་ལེན་བྱེད་པ། ཐོན་ལས་དར་སྤེལ་གཏོང་བར་བརྟེན་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་བ། གྲངས་ཀའི་དཔལ་འབྱོར་གྱིས་ཐོན་ལས་ཚུལ་སྒྱུར་རིམ་སྤོར་ཐད་ནུས་ཚད་འདོན་སྤེལ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས།
གཅན་ཚ་རྫོང་གཅན་ཚ་ཐང་ཡུལ་ཚོ་ལྷས་བཞི་སྡེ་བ་རུ། ཁྲིན་ཀང་རྨ་ཆུའི་འགྲམ་རྒྱུད་དུ་སོང་ནས་ཡུལ་སྐོར་དམངས་ཁྲོད་མགྲོན་ཁང་ལ་བལྟས་པ་དང་། ས་དེའི་ཡུལ་གཞན་དབུལ་སྐྱོར་གནས་སྤོར་བྱས་པའི་ཚུན་གྱི་ཐོན་ལས་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ནས་བསྟན་དོན། སྐྱེ་ཁམས་དགེ་མཚན་ལ་རྐང་འཛུགས་པ་དང་། རི་ཆུ་སྲུང་སྐྱོབ་ཀྱི་ལས་དོན་བཟང་བོར་སྒྲུབ་པ། རོགས་སྐྱོར་རྐྱེན་སྲོལ་བཀོལ་སྤྱོད་བཟང་བོ་བྱེད་པ། ཡུལ་སྐོར་ཐོན་ལས་ཀྱི་གཞི་ཁྱོན་ཅན་དང་ལེགས་བསྡུས་ཅན། ཆེད་ལས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཉམ་དུ་ཕྱུག་པོར་བསྒྱུར་བའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་སྟེ། ཡུལ་གཞན་གནས་སྤོར་བྱས་པའི་མང་ཚོགས་ཀྱིས་རྨ་ཆུའི་འགྲམ་རྒྱུད་དུ་བདེ་སྐྱིད་ཀྱི་འཚོ་བར་རོལ་ཐུབ་པར་བྱེད་དགོས། གཅན་ཚ་རྫོང་གྲོང་གསེབ་དར་སྤེལ་ཐོན་ལས་ར་བའི་ཁུལ་དང་ཕིན་ཨན་ཆུའུ་སན་ཧི་གྲོང་རྡལ་དབུལ་སྐྱོར་ཐོན་ལས་ར་བ་རུ། ཁྲིན་ཀང་གིས་ར་བའི་ཁུལ་འཛུགས་སྐྲུན་དང་ཐོན་ལས་སྐྱེད་སྲིང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པར་མ་ཟད། རྡོ་རྗེ་གསར་སྐྲུན་རིག་གནས་བཟོ་ལས་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་ཟི་དང་། མཚོ་སྔོན་ཙོང་ཁ་བཀའ་བསྟན་གསེར་བྲིས་རིག་གནས་སྤྱི་གཉེར་ཁང་། མཐོ་སྒང་ཞིང་བ་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་ཟི་སོགས་ལ་སོང་ནས། ཁེ་ལས་ཀྱི་འཁོར་རྒྱུག་དང་ཐོན་ལས་འཕེལ་རྒྱས་ཀྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། ཁེ་ལས་ཀྱིས་རིག་གནས་ཀྱི་ཁྱད་ཆོས་དང་ས་ཁོངས་ཀྱི་ཁྱད་ཆོས་གཞིར་བཟུང་ནས། འཚོལ་ཞིབ་གསར་གཏོད་བྱེད་པ་དང་། རང་འགུལ་གྱིས་ཚོང་རའི་འགྲན་རྩོད་ཁྲོད་ཞུགས་ནས། མགྱོགས་མྱུར་དང་སྤུས་ལེགས་སྒོས་འཕེལ་རྒྱས་སུ་གཏོང་དགོས་པའི་སྐུལ་མ་བཏང་བར་མ་ཟད། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྲིད་ཇུས་ལག་བསྟར་བྱེད་པར་ཤུགས་སྣོན་པ་དང་ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྱུར་བྱེད་པ། དམངས་གཉེར་ཁེ་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་སློང་དང་རྒྱབ་སྐྱོར། སྣེ་ཁྲིད་བྱེད་པའི་ཞོར་དུ། ལས་ཞུགས་ལས་རྐང་ཁ་སྣོན་བྱེད་པ་དང་། མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱེད་པའི་ལམ་རྒྱ་བསྐྱེད་དེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་དགོས་ཞེས་ནན་གྱིས་བསྟན།
དེའི་རྗེས་ཁྲིན་ཀང་ཕིན་ཨན་ཆུའུ་རུ་ཡོད་པའི་མཱ་དབྱི་ཡུན་ཚའེ་ཚན་རྩལ་ཞབས་ཞུ་ཚད་ཡོད་ཀུང་དང་ཀྲུང་གོའི་གློག་འཕྲིན་རྒྱལ་ཁབ་གྲངས་ཀའི་མཚོ་སྔོན་ལྗང་མདོག་གཞི་གྲངས་ཆེན་མོའི་ལྟེ་གནས་གཉིས་ལ་སོང་ནས། ཁེ་ལས་ཀྱི་འགན་ཁུར་མི་སྣ་དང་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས་པ་དང་། གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་དང་གཞི་གྲངས་ཆེན་མོའི་ཐོན་ལས་འཁོར་རྒྱུག་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་བསྟན་དོན། མཚོ་སྔོན་ནི་གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་རང་བྱུང་གི་ས་གཤིན་པོ་ཡིན་པས། དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་པ་དང་གོ་སྐབས་དམ་འཛིན་བྱེད་པ། ལྗང་གློག་ཕུན་སུམ་ཚོགས་པ་དང་ནམ་ཟླ་འཁྱག་པ་སོགས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ། རང་འགུལ་གྱིས་ཤར་གྲངས་ནུས་རྩིས་ཀྱི་རྒྱལ་ཁབ་ཀྱི་བཀོད་སྒྲིག་ཁྲོད་འདྲེས་པར་བྱེད་པ། གྲངས་ཀའི་མཚོ་སྔོན་འཛུགས་སྐྲུན་བྱེད་པ། གྲངས་ཀ་ཐོན་ལས་ཅན་དང་ཐོན་ལས་གྲངས་ཀ་ཅན་དུ་བསྒྱུར་ནས། ན་གཞོན་ཚོའི་ལས་ཞུགས་ཀྱི་བར་སྟོང་སྔར་ལས་རྒྱ་བསྐྱེད་པ་དང་། ལྗང་མདོག་ཐཱན་དམའ་དང་འཁོར་རྒྱུག་འཕེལ་རྒྱས་ཀྱི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་པར་རོགས་འདེགས་བྱེད་དགོས། མཚོ་སྔོན་ཞིང་ནགས་ཕྱུགས་གསུམ་གྱི་ཐོན་རྫས་ཉོ་ཚོང་ལྟེ་གནས་ནི་འཛད་སྤྱོད་རོགས་སྐྱོར་དང་གློག་ཚོང་ཞབས་ཞུ། ཐོན་རྫས་འགྲེམ་སྟོན། མཛོད་གསོག་དངོས་སྐྱེལ། གློག་རྡུལ་ཉོ་ཚོང་བཅས་གཞི་གཅིག་ཅན་གྱི་ཞིང་ཆེན་རིམ་པའི་ཚོང་རྫས་ཉོ་ཚོང་སྟེགས་བུ་ཡིན། ཁྲིན་ཀང་ལྟེ་གནས་སུ་སོང་ནས་རྟོག་ཞིབ་བྱས་པ་དང་། ས་ཚིགས་གཅིག་རང་བཞིན་གྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་སྐྱེད་དང་འགན་སྲུང་། ཞིབ་འཇུག འཛད་སྤྱོད་བཅས་ཀྱི་སྟེགས་བུ་འཁོར་རྒྱུག་གནས་ཚུལ་ལ་ཉན་ནས་ནན་གྱིས་བསྟན་དོན། ཚོང་རྟགས་སྐྱེད་སྲིང་བྱེད་པར་ཤུགས་སྣོན་པ་དང་། ཚོང་ར་རྒྱ་བསྐྱེད་པ། ཞབས་ཞུའི་བྱེད་ཐབས་འཐུས་ཚང་དུ་གཏོང་བ། ཐོན་རྫས་ཀྱི་འགོ་ཁུངས་རྩད་གཅོད་པ། གྲངས་ཀའི་ལག་རྩལ་ལ་བརྟེན་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།
ཝུའུ་ལ་ཙི་པེ་ཁི.རི་སུའུ་ལིས་ཧྭན་དང་ཀྲུའུ་ཞང་ཧྥིན་གཉིས་སོ་སོར་རྟོག་ཞིབ་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།