ཞིན་ཧྭ་གསར་འགྱུར་ཁང་གིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་ཅིས་ཀྱང་སྲིད་དོན་བྱས་རྗེས་ཀྱི་ལྟ་བ་ཡང་དག་པ་བཅངས་ནས་ཕན་འབྲས་དངོས་ལ་བརྟེན་ནས་རྒྱུགས་ཡག་པོ་སྤྲོད་དགོས་ཞེས་པའི་དུས་དོན་དཔྱད་བརྗོད་སྤེལ་བ་དང་། དཔྱད་བརྗོད་ལས་འདི་ལྟར་བསྟན་ཡོད།
མིག་སྔར། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་གཙོ་གནད་དུ་བཟུང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་ཏང་ཡོངས་ཀྱི་ཁྲོད་དུ་ཏན་ཏིག་ངང་སྤེལ་བཞིན་ཡོད། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་གཏིང་ཟབ་བྱས་པར་བརྟེན་ནས། དགོངས་པ་འདིའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱེད་རྒྱུ་དང་། ཡང་དག་པའི་སྲིད་དོན་བྱས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ། ལག་ལེན་དང་མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་བརྩོན་ལེན་བཅས་བྱས་ཏེ། ཚོད་བགམ་གྱི་ལམ་དུ་རྒྱུགས་ཡག་པོ་སྤྲོད་དགོས།
དཔོན་གྱི་ལྟ་བ་དེ་སྲིད་དོན་བྱས་རྗེས་ཀྱི་ལྟ་བར་རག་ལས་ཡོད། སྲིད་སྐྱོང་བྱས་འབྲས་ནི་འཇིག་རྟེན་གྱི་ལྟ་བ་དང་མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་མགོ་ཁྲིད་ལས་བྱེད་པའི་སྟེང་གི་ཞིབ་ཕྲའི་མངོན་སྟངས་ཡིན་ལ། མགོ་ཁྲིད་ལས་བྱེད་པས་རང་འགན་གཙང་སྒྲུབ་དང་ལས་སྒྲུབ་ལས་སྐྲུན་བྱེད་པའི་ཚད་ཤིང་ཞིག་ཀྱང་ཡིན། སྲིད་སྐྱོང་བྱས་རྗེས་དེ་སུའི་ཆེད་དུ་འཇོག་དགོས་པ་དང་སྲིད་སྐྱོང་བྱས་རྗེས་ཅི་འདྲ་ཞིག་བསྐྲུན་དགོས་པ། གང་ལ་བརྟེན་ནས་སྲིད་སྐྱོང་བྱས་རྗེས་བསྐྲུན་དགོས་པ་བཅས་ཀྱིས་མགོ་ཁྲིད་ལས་བྱེད་པར་མཚོན་ནས་བཤད་ན། རང་ཉིད་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་ཤུགས་རྐྱེན་ཐེབས་ཡོད་ཅིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་དར་རྒུད་ཅི་ཡོང་དང་འབྲེལ་བ་ཡོད།
སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་ཡང་དག་པ་འཛུགས་པར་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་པ་ནི་ཏང་གཤིས་ཡིན། ཏང་གཤིས་བརྟན་པོ་དང་སྒེར་སེམས་སྣ་ཚོགས་འདོར་ཐུབ་པ་ཡིན་ན། གཞི་ནས་སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་ཡང་དག་པ་ཞིག་རང་རྒྱུད་ལ་འབྱོར་ཐུབ། བརྗོད་དོན་སློབ་གསོ་འདི་ཉིད་གོ་སྐབས་སུ་བརྩིས་ནས་སློབ་སྦྱོང་དང་བསམ་གཞིགས། ལག་ལེན་བཅས་ཀྱི་ཁྲོད་ནས་ཕུགས་བསམ་དང་དད་སེམས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ཤེས་རྗེས་གཞི་ནས་ཡིད་ཆེས་བྱེད་པ་དང་ཡིད་ཆེས་ཐོབ་རྗེས་གཞི་ནས་རང་རྒྱུད་ལ་ལེན་དགོས། ཏང་གཤིས་ཀྱི་མཐོ་ཚད་ནས་སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བའི་གནད་དོན་ལ་ངོས་འཛིན་གང་ལེགས་བྱས་ཏེ། སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་ཡང་དག་པ་འཛུགས་རྒྱུ་དེ། ཏང་གཤིས་དབྱེ་ཞིབ་དང་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུའི་སྟེང་གི་གནད་དོན་འཚོལ་ཞིབ་དང་དག་ཐེར་ཡོ་བསྲང་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་ཏུ་བརྩི་རྒྱུ་དང་། སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་ནོར་འཁྲུལ་ཅན་གྱི་བསམ་བློའི་འབྱུང་རྩ་དང་དངོས་ཡོད་ཀྱི་གནོད་འཚེར་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། ངོ་གཉིས་མ་གཏན་ནས་མི་བྱེད་པ་དང་། ཏང་གི་རྩ་དོན་དང་མི་འགལ་བ། དབང་ཆར་གུས་ཤིང་སྐྲག་པའི་བསམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ། བསམ་བློའི་གོ་རྟོགས་དང་བསམ་པའི་གོ་རྟོགས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཀུན་སྤྱོད་བློ་སྦྱོང་བཅས་བྱས་ཏེ། གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་གཤིས་ཀ་རྒྱུན་འཁྱོངས་བྱེད་དགོས།
སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་ཡང་དག་པ་འཛུགས་པར་ངེས་པར་དུ་ལག་ལེན་དང་དངོས་གཉེར། ཕན་འབྲས་དངོས་བཅས་ལ་ཤུགས་སྣོན་དགོས། བརྗོད་དོན་སློབ་གསོའི་སྤྱིའི་བླང་བྱ་དང་དམིགས་འབེན་ལས་འགན་ཁོང་དུ་བརྟན་པོར་ཆུད་པར་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་དུ་བརྟན་པོ་དང་ཡར་རྒྱས། འཛུགས་པ་དང་གཏོར་བ། བདེན་རྫུན། ཚད་གཞི་དང་རྩ་བ། འཕྲལ་ཕུགས་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས། བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱེད་པར་ཀུན་གྱི་སྣེ་ཁྲིད་དེ་ཆོས་ཉིད་ལྟར་བྱ་བ་སྒྲུབ་པ་དང་ཕྱི་རོལ་ཡུལ་གྱི་དོན་དངོས་ལ་བརྩི་འཇོག་བྱེད་པ། ཚད་མཐའི་བསམ་བློ་རྒྱུན་འཁྱོངས་བྱེད་པ། ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་རང་རྟོགས་ངང་ཁྱབ་པར་བྱེད་དགོས། འཕྲལ་མར་བསྒྲུབ་དགོས་པའི་ལས་ཀ་འཕྲལ་མར་བསྒྲུབ་དགོས་པ་དང་། འཕྲལ་མར་དག་ཐེར་ཡོ་བསྲང་བྱེད་དགོས་ངེས་ཀྱི་རིགས་དང་ཡུན་རིང་གི་ལས་འགན་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས། སྲིད་དོན་བྱས་རྗེས་ཀྱི་ཐད་ཧོལ་རྒྱུག་དང་རྨོངས་ཚོད། དེ་ཁོ་ན་དོན་གཉེར་བྱེད་པ་བཅས་ཀྱི་བྱེད་ཕྱོགས་སྔོན་འགོག་མཐའ་གཅིག་ཏུ་བྱས་ཏེ། ཁེ་གྲགས་མི་གཉེར་བར། བདེན་པ་བདེན་ཐུབ་ཀྱི་སྒོ་ནས་དེང་རབས་ཅན་གྱི་འཛུགས་སྐྲུན་ལས་དོན་གཉེར་དགོས།
གུང་ཁྲན་ཏང་མིས་དུས་ནམ་ཡང་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་སྲིད་སྐྱོང་གི་བྱས་རྗེས་ཆེ་ཤོས་ཡིན་པ་ངེས་པར་དུ་བློ་ལ་བརྟན་པོར་ངེས་པར་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བློ་སྦྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། བརྗོད་དོན་སློབ་གསོར་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་ན། ཅིས་ཀྱང་མི་དམངས་བླ་ན་མེད་པའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ནས། དེའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱས་ནས། དེ་ཉིད་རང་ངོས་ཀྱི་རང་སྣང་འཇིག་རྟེན་དང་གཞན་སྣང་འཇིག་རྟེན་སྒྱུར་བཀོད་བྱེད་པའི་བསམ་བློའི་མཚོན་ཆ་ཆེན་པོ་ཞིག་ཏུ་འགྱུར་བར་བྱས་ཏེ། ནང་སེམས་ལ་ཐིམ་པར་བྱེད་དགོས། དུས་རྒྱུན་མི་དམངས་ཀྱི་དཀའ་སྡུག་ལ་བསམ་བློ་གཏོང་བ་དང་དུས་རྟག་ཏུ་དམངས་ཕྱུག་གི་ཐབས་ཇུས་དོན་གཉེར་བྱེད་པ། མང་ཚོགས་ཀྱི་འདོད་བློ་ཚིམ་མིན་དེ་ཐོག་མཐའ་བར་གསུམ་དུ་གཞི་རྩའི་ཚད་གཞིར་འཛིན་པ། གོང་ལ་འགན་འཁུར་བ་དང་འོག་ལ་འགན་འཁུར་བ་གཉིས་གཅིག་གྱུར་བྱས་ཏེ། མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས།
བརྗོད་དོན་སློབ་གསོ་ཟམ་མི་ཆད་པར་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་ནས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་སྔར་ལས་ལེགས་པར་དགོངས་པ་སློབ་པ་དང་ལག་ལེན་བྱས་ཏེ། ཏང་གི་གསར་གཏོད་གཞུང་ལུགས་ཁྲིད་སྟོན་དུ་འཛིན་པ། སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་ཡང་དག་པ་ཁྲིད་སྟོན་དུ་འཛིན་པ། ལོ་རྒྱུས་ལ་འགན་འཁུར་བ་དང་མི་དམངས་ལ་འགན་འཁུར་བ། བུ་རབས་ཚ་རྒྱུད་དང་མི་རབས་ཀུན་ལ་ཕན་འདོགས་པའི་ཆེད་དུ་ཐབས་ཇུས་འདོན་པར་འབད་དགོས།
བན་དེ་སྐྱབས་ཀྱིས་བསྒྱུར།