སྐུ་ཞབས་ཧོ་དབྱིན་ཏུང་སྐུ་གཏམས་ནས་ལོ་འཁོར་བརྒྱ་ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་བསྡུས་པ་དང་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས།
2023.05.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 53

སྐུ་ཞབས་ཧོ་དབྱིན་ཏུང་སྐུ་གཏམས་ནས་ལོ་འཁོར་བརྒྱ་ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཚེས་བཅུ་ཉིན་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད། ཚོགས་འདུའི་སྔོན་ལ་སྐུ་ཞབས་ཧོ་དབྱིན་ཏུང་གི་གཉེན་ཉེར་མཇལ་འཕྲད་གནང་།

སྐུ་ཞབས་ཧོ་དབྱིན་ཏུང་ནི་ཁྱད་དུ་འཕགས་པའི་སྤྱི་ཚོགས་བྱ་འགུལ་བ་དང་། མིང་དུ་གྲགས་པའི་རྒྱལ་གཅེས་མི་སྣ། ཞང་ཀང་གི་ཁེ་ལས་པ་གྲགས་ཅན། ཀྲུང་གོ་གུང་ཁྲན་ཏང་གི་བློས་ཐུབ་གྲོགས་པོ་བཅས་ཡིན་ལ། སྐབས་བརྒྱད་པ་དང་དགུ་པ། བཅུ་པ་བཅས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་ཁུར་མྱོང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥིན་གྱིས་བཞུགས་མོལ་ཚོགས་འདུའི་སྟེང་སྐུ་ཞབས་ཧོ་དབྱིན་ཏུང་གི་འོད་སྟོང་འབར་བའི་མི་ཚེ་ཧྲིལ་བོར་རྗེས་དྲན་ཞུས་པར་མ་ཟད། ཁོང་གི་རྒྱལ་གཅེས་ཀང་གཅེས་ཀྱི་ལྷག་བསམ་དཀར་པོ་དང་། ཀུན་གྱི་སྔོན་ལ་སྒྲུབ་ཕོད་པའི་གཤིས་སྤྱོད་བཟང་བོ། ནམ་ཡང་ཞུམ་པ་མེད་པའི་འཐབ་རྩོད་ཀྱི་སྙིང་སྟོབས་བཅས་ལ་སློབ་སྦྱོང་བྱས་ཏེ། ཡར་བརྩོན་ལྷོད་མེད་དང་གསར་སྤེལ་གསར་གཏོད་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་ཞེས་ནན་གྱིས་བསྟན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧི་ཧུ་ཧྭ་བཞུགས་མོལ་ཚོགས་འདུར་ཞུགས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་ཞོར་དུ་དྲུང་ཡིག་ཆེན་མོའི་འགན་ཁུར་མཁན་ཝང་ཏུང་ཧྥིན་གྱིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས།