མགོན་པོ་བཀྲ་ཤིས་ཀྱིས་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་རྟོག་ཞིབ་བྱས།
2023.05.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ་ལྔ་པའི་ཚེས་ལྔ་ཉིན་ནས་ཚེས་དགུ་བར། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་སྲིད་གྲོས་ཨུ་ཡོན་ཁ་ཤས། ཚན་རིག་རྟོག་ཞིབ་ཆེད་མཁས་པ་དང་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་ཀྱིས་གྲུབ་པའི་ཚན་རིག་རྟོག་ཞིབ་ཚན་ཁག་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་སོང་ནས། རྒྱལ་ཁབ་སྤྱི་གླིང་དོ་དམ་སྲུང་སྐྱོབ་དང་གཞི་གྲངས་ཆེན་མོའི་དྲིལ་སྒྲོག་བེད་སྤྱོད་ལ་ཚན་རིག་རྟོག་ཞིབ་བྱས་པ་དང་། རང་བྱུང་སྲུང་སྐྱོབ་ཁུལ་དུ་འབད་འཐབ་བྱེད་ཀྱིན་པའི་དོ་དམ་མི་སྣ་དང་ཁོར་སྲུང་མི་སྣ། ཚན་རྩལ་བྱ་བ་སྒྲུབ་མཁན་བཅས་ལ་འཚམས་འདྲི་བྱས་ཏེ། ཚང་མས་ཞི་ཅིན་ཕིང་གི་སྐྱེ་ཁམས་དགོངས་པ་འབད་པ་ཆེན་མོས་ལག་བསྟར་བྱས་ནས།  མདོ་དབུས་མཐོ་སྒང་དེ་རྒྱལ་ཡོངས་དང་ཡང་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རུ་འགྱུར་ཆེད་བྱས་རྗེས་གསར་བ་འཇོག་དགོས་པའི་སྐུལ་མ་བཏང་།

མགོན་པོ་བཀྲ་ཤིས་ཀྱིས་རྟོག་ཞིབ་ཚན་ཁག་གི་སྣེ་ཁྲིད་དེ་སྤྱི་ལེ་སུམ་སྟོང་ལ་བགྲོད་ནས། ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ནག་རི་ཆུ་ནག་ཁ་དང་། བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས། གཙོད་གནས་མཚེའུ། ཁི་ཁོ་མཚེའུ། པུའུ་ཁ་ཏ་པན་འཁྱགས་ཀླུང་སོགས་ཡུལ་དངོས་སུ་སོང་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་འཐབ་ཡུལ་དང་པོའི་ལས་བྱེད་མི་སྣར་བརྩེ་བའི་ཐུགས་ཁུར་དང་། ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་སྨོན་འདུན་ཞུས་པ་མ་ཟད། བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ལ་མཚོ་སྔོན་མཐོ་སྒང་བཟོ་བའི་གདོང་ལེན་པ་ཞེས་པའི་སྒོ་བྱང་དང་གཟི་བརྗིད་དཔང་ཡིག་གནང་། སྲུང་སྐྱོབ་ས་ཁུལ་དུ་ཉིས་སྟོང་དགུ་ལོ་ནས་ད་བར་དུ་ལྐོག་རྔོན་དོན་རྐྱེན་གཅིག་ཀྱང་མ་བྱུང་བ་དང་། ཉིས་སྟོང་བཅུ་བདུན་ལོར་འཛམ་གླིང་རང་བྱུང་ཤུལ་བཞག་གི་རེ་ཞུ་ལེགས་གྲུབ་བྱུང་བ་ཤེས་རྗེས། མགོན་པོ་བཀྲ་ཤིས་ཀྱིས་སེམས་འགུལ་ཐེབས་པའི་ངང་བཤད་རྒྱུར། སྲུང་སྐྱོབ་ས་ཁུལ་གྱི་ལས་བྱེད་མི་སྣས་ལོ་མང་པོའི་རིང་གངས་འཁྱགས་བརྒལ་ནས་ཁ་ཆར་བུ་ཡུག་གདོང་གིས་བསུས་ཏེ། དཀའ་སྤྱད་སྡུག་རུས་ཀྱིས་ཁྲིམས་བསྟར་འགུལ་སྐྱོད་དང་སྲུང་སྐྱོབ་བྱས་པར་བརྟེན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒོ་བྱང་དང་འཛམ་གླིང་རང་བྱུང་ཤུལ་བཞག་གི་རེ་ཞུ་ལེགས་འགྲུབ་འབྱུང་བར་རྨང་གཞི་བརྟན་པོ་བཏིངས། ཞིང་ཆེན་དབྱི་ཏུང་ཀུང་སིའི་ཨ་ཆེན་གངས་རྒྱབ་ཀྱི་གཙོད་གནས་མཚེའུའི5Gཆེད་སྤྱོད་དྲ་བའི་རྣམ་གྲངས་འཛུགས་སྐྲུན་ཡུལ་དངོས་སུ། མགོན་པོ་བཀྲ་ཤིས་སོགས་ཀྱིས་འཛུགས་སྐྲུན་ལས་ཁུངས་དང་ལས་སྐྲུན་ལས་ཁུངས་ཀྱིས5Gཆ་འཕྲིན་ལག་རྩལ་ལ་བརྟེན་ནས་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་ནུས་པ་ཇེ་ཆེར་གཏོང་བའི་འཆར་གཞི་དང་།  གཙོད་གནས་མཚེའུའི་སྐྱེ་ཁམས་ཀྱི་རྒྱང་བསྟེན་ལྟ་ཞིབ་རྣམ་པ་མངོན་འགྱུར་དང་གཙོད་ཀྱི་སྐྱེ་འཕེལ་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན་རྗེས། སྲུང་སྐྱོབ་ས་ཁུལ་དང་གཉེར་སྐྱོང་ཁེ་ལས་ཀྱིས་རྒྱལ་ཁབ་སྤྱི་གླིང་དོ་དམ་སྲུང་སྐྱོབ་དང་གཞི་གྲངས་ཆེན་མོའི་དྲིལ་སྒྲོག་བྱེད་ཐབས་ནང་འདྲེན་དང་བེད་སྤྱོད་བྱས་ཏེ། སྔོན་ཐོན་ཚན་རྩལ་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་སྔར་ལས་ལྷག་པའི་ཞབས་འདེགས་ཞུ་དགོས་པའི་བླང་བྱ་བཏོན།

རྟོག་ཞིབ་བྱེད་སྐབས། ཚན་རིག་རྟོག་ཞིབ་ཚན་ཁག་གིས་ན་གོར་མོ་རུ་བཞུགས་མོལ་གྲོས་ཚོགས་བསྡུས་པ་དང་། རྟོག་ཞིབ་ཚན་ཁག་གི་ཁོངས་མིའི་གཏམ་བཤད་ལ་ཉན་རྗེས། མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་བཙུགས་པ་དང་འཛམ་གླིང་རང་བྱུང་ཤུལ་བཞག་གི་རེ་ཞུ་ལེགས་འགྲུབ་བྱུང་བ་ནི། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆེས་ཆེ་བ་གསུམ་དང་ཆེས་གལ་ཆེ་བ་གསུམ་གྱི་དགོངས་པ་ལག་བསྟར་དང་དངོས་འབེབས་བྱས་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ལ་བཞག་པའི་བྱས་རྗེས་གལ་ཆེན་ཞིག་ཀྱང་ཡིན། སྲུང་སྐྱོབ་ས་ཁུལ་དང་ཞིང་ཆེན་འབྲེལ་ཡོད་སྡེ་ཁག་གིས་ད་ལྟ་སྤེལ་བཞིན་པའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་གོ་སྐབས་དམ་འཛིན་བྱས་ཏེ། རྒྱལ་དོན་གྱི་ཆེ་ཕྱོགས་དང་ཞིང་ཆེན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་འཛིན་པ་དང་། དཀའ་སྤྱད་འབད་བརྩོན་གྱིས་བྱ་བ་ནན་མོར་སྒྲུབ་སྟེ། ཨ་ཆེན་གངས་རྒྱབ་དེ་རི་སྐྱེས་སྲོག་ཆགས་ཀྱི་སྤྲོ་སྐྱིད་གླིང་དང་། ཚན་རིག་མཁས་པའི་སྤྲོ་སྐྱིད་གླིང་དུ་འགྱུར་བ་དང་།  ཀུན་གྱིས་ཡིད་སྨོན་བྱེད་སའི་སྐྱེ་ཁམས་ཀྱི་མཐོ་ས་རུ་འགྱུར་བར་བྱེད་དགོས།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དྲུང་ཡིག་ཆེན་མོ་ལིའུ་ཏ་ཡེ་རྟོག་ཞིབ་ལ་ཞུགས།

                                                                                            རིག་འཛིན་སྒྲོལ་མས་བསྒྱུར།