ཞིན་ཧྭ་གསར་འགྱུར་ཁང་གི་དུས་དོན་དཔྱད་བརྗོད།
2023.05.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཞིན་ཧྭ་གསར་འགྱུར་ཁང་གིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་ཉམས་སྣང་གསར་པ་དང་བྱས་རྗེས་གསར་པར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོབ་པར་བྱེད་དགོས་ཞེས་པའི་དུས་དོན་དཔྱད་བརྗོད་སྤེལ་བ་དང་། དཔྱད་བརྗོད་ལས་འདི་ལྟར་བསྟན་ཡོད།

དེང་སྐབས། ཏང་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བཞིན་ཡོད། ད་ཐེངས་ཀྱི་བརྗོད་དོན་སློབ་གསོར་དུས་རིམ་དང་ལྷུ་ཚིགས་མི་དབྱེ་བའི་སྒོ་ནས་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞིབ་བཤེར་དང་དག་ཐེར་ཡོ་བསྲང་སོགས་ལ་འབྲེལ་མཐུད་གང་ལེགས་བྱས་ཏེ། མཉམ་འདྲེས་ནུས་ལྡན་དང་གཞི་གཅིག་ཅན་དུ་འཕེལ་བར་སྐུལ་འདེད་བཏང་སྟེ། ཉམས་སྣང་གསར་པ་དང་བྱས་རྗེས་གསར་པར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་གསར་པ་ཐོབ་པར་བྱེད་དགོས།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་གཙོ་བོ་ཡིན། དངོས་པོ་དང་ལག་རྩལ་གྱི་རྨང་གཞི་བརྟན་པོ་ཞིག་མེད་ན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་བསྐྲུན་མི་ཐུབ། ཏང་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་སྐབས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོར་སྟངས་འཛིན་ནན་མོ་བྱས་ཏེ། གཞུང་ལུགས་སློབ་སྦྱོང་དང་འཕེལ་རྒྱས་ལ་མཛུབ་སྟོན་བྱ་རྒྱུར་ཤུགས་སྣོན་པ་དང་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས། འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བཀོད་སྒྲིག་གི་ལས་འགན་ཁག་སོ་སོའི་ཁྲོད་དུ་སློབ་སྦྱོང་དང་བརྟག་དཔྱད་དོན་འཁྱོལ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་གསར་པར་བརྟེན་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་དགོས།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་འདི་ཁོང་དུ་བརྟན་པོར་ཆུད་པར་བྱེད་པ་ལ་ཅིས་ཀྱང་ཏང་ཀྲུང་དབྱང་གི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་སྐོར་གྱི་བླང་བྱ་དང་ཇུས་ཆོད་བཀོད་སྒྲིག་རབ་དང་རིམ་པ་དོན་འཁྱོལ་ནན་ཏན་བྱེད་དགོས། རང་རྒྱལ་གྱི་འཕེལ་རྒྱས་འདི་ཉིད་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་དང་འགྲན་སློང་མཉམ་གནས་ཀྱི་དུས་སྐབས་སུ་སླེབས་ཡོད་ཅིང་། ཚོད་དཔག་བྱེད་དཀའ་བའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བའི་དུས་སྐབས་སུ་སླེབས་ཡོད་པས། འགལ་རྐྱེན་སྣ་ཚོགས་ག་དུས་ཡིན་ཡང་ཐོན་སྲིད། མ་ལག་གི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་གཅིག་གྱུར་གྱིས་འཆར་འགོད་གང་ལེགས་བྱེད་པ།“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་གཅིག་གྱུར་གྱིས་ལག་བསྟར་བྱེད་པ། རྒྱང་ལྟའི་རང་བཞིན་གྱི་བསམ་གཞིགས་དང་ཁྱོན་ཡོངས་རང་བཞིན་གྱི་འཆར་འགོད། འཐབ་ཇུས་རང་བཞིན་གྱི་བཀོད་སྒྲིག  སྤྱི་ཁོག་རང་བཞིན་གྱི་སྐུལ་འདེད་བཅས་ལ་ཤུགས་སྣོན་དགོས། ནང་མཁོ་རྒྱ་བསྐྱེད་པ་དང་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་བ། གྲོང་གསེབ་དར་སྤེལ་གཏོང་བར་ཁྱོན་ཡོངས་ནས་སྐུལ་སྤེལ་གཏོང་བ། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་དང་འཇོན་མིར་བརྟེན་ནས་རྒྱལ་ཁབ་དར་རྒྱས་སུ་གཏོང་བའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་བཅས་ལག་བསྟར་བྱེད་པ། འཕེལ་རྒྱས་གཏོང་བཞིན་པའི་སྐབས་སུ་དམངས་ཚིས་ལ་འགན་སྲུང་དང་ལེགས་བཅོས་གཏོང་བ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་པ་སོགས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་ཤུགས་ཆེན་པོ་ཞིག་གྲུབ་པར་བྱེད་དགོས།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་འདི་ཉིད་ཁོང་དུ་བརྟན་པོར་ཆུད་པར་བྱེད་དགོས་ན་ཅིས་ཀྱང་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། རྗེས་ལུས་ཀྱི་བསམ་ཕྱོགས་མེད་པར་བཟོ་བ་དང་བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་གཏོང་དགོས། རིགས་པའི་གཞུང་ལུགས་ནི་དོན་དངོས་དང་ཟུང་འབྲེལ་དམ་པོ་བྱས་པ་ཡིན་ན་གཞི་ནས་ལག་ལེན་ལ་སློབ་སྟོན་བྱེད་པའི་ནུས་པ་འདོན་སྤེལ་བྱེད་ཐུབ་པ་དང་། རང་ངོས་ཀྱི་རིན་ཐང་དང་དོན་སྙིང་མངོན་འགྱུར་བྱེད་ཐུབ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་འདི་ཉིད་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལག་ལེན་དངོས་ཀྱི་ཁྲོད་ནས་རྐང་ཚུགས་པར་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ཐོད་བརྒལ་གསར་པ་མངོན་འགྱུར་བྱས། གསར་གཏོད་ གཞུང་ལུགས་འདིས་བསམ་བློར་དྲག་ཆས་སྤྲོས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས། ས་ཁུལ་གནས་དེ་ག་དང་སྡེ་ཁག་དེ་ག ལས་ཁུངས་དེ་ག་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ངན་པ་བཟོ་བ་དང་ཚོད་འཛིན་བཟོ་བའི་གནད་དོན་གྱི་ཞན་ཆ་དང་འབྱུང་རྩ་ལ་དམ་པོར་དམིགས་པ། ནད་རྩ་སྨན་བཅོས་བྱེད་པ། མྱུར་ཚད་དང་སྤུས་ཚད། འཕེལ་རྒྱས་དང་བདེ་འཇགས། འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོབ། འཕེལ་རྒྱས་དང་རིམས་འགོག་སོགས་ཀྱི་འབྲེལ་བ་གལ་ཆེན་ཐག་གཅོད་ཡང་དག་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་རང་བཞིན་དང་སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་འདི་ཉིད་ཁོང་དུ་བརྟན་པོ་ཆུད་པར་བྱེད་པར་ཅིས་ཀྱང་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ་དང་། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་དགོས། རིམ་པ་སོ་སོའི་མགོ་ཁྲིད་ཚན་ཁག་གིས་ཏང་དང་མི་དམངས་ཀྱི་མངགས་བཅོལ་བློ་ལ་བརྟན་པོར་ངེས་སུ་བཅུག་ནས། གྲུབ་འབྲས་ང་ལ་མི་མཁོ་ནའང་གྲུབ་འབྲས་ཀྱི་ཁྲོད་དུ་ངའི་རྔུལ་ཆུ་འདུས་ཡོད་ཅེས་པསི་སྙིང་སྟོབས་དར་སྤེལ་བཏང་སྟེ། འཆར་གཞི་གཅིག་གྱུར་རྒྱུན་འཁྱོངས་བྱས་ནས།  ད་ཡོད་ཀྱི་བཀོད་སྒྲིག་དང་འཆར་འགོད་ཚན་རིག་དང་མཐུནཔ་་དང་ལག་ལེན་གྱི་བླང་བྱ་གསར་པ་དང་མཐུན་པ། མི་དམངས་མང་ཚོགས་ཀྱི་བསམ་འདུན་དང་མཐུན་པ་བཅས་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གཅིག་རྗེས་གཉིས་མཐུད་ངང་བསྒྲུབས་ནས་སྐབས་བརྗེ་བྱས་རྗེས་ཐོན་སླ་བའི་སྲིད་སྐྱོང་གི་ངར་ཤུགས་དང་རྨོངས་ཚོད་ཧོད་རྒྱུག ལས་དོན་ཆེན་པོ་སྒྲུབ་པ་བཅས་དང་གྲུབ་འབྲས་ཁོ་ན་དོན་དུ་གཉེར་ཐལ་ཆེ་བ་སོགས་ཀྱི་སྣང་ཚུལ་ཐོན་རྒྱུར་སྔོན་འགོག་བྱེད་དགོས། བརྗོད་དོན་སློབ་གསོ་སྤེལ་བའི་ཁྲོད་དུ། རིམ་པ་སོ་སོའི་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། འབད་འཐབ་ཀྱི་སྐྱོད་ལམ་གསར་པ་དང་དུས་རབས་གསར་པ་བསྐྲུན་ཆེད་ཆབ་སྲིད་ཀྱི་ཁྲིད་སྟོན་དང་ཆབ་སྲིད་ཀྱི་འགན་ལེན་སྟོབས་ལྡན་མཁོ་འདོན་བྱེད་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།