ཟླ་ལྔ་པའི་ཚེས་བཅུ་གཅིག་ཉིན། རྒྱལ་ཡོངས་ཀྱི་སློབ་ཆེན་མཐར་ཕྱིན་སློབ་མ་སོགས་ན་གཞོན་གྱི་ལས་ཞུགས་ལས་སྐྲུན་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་།
ཏེན་ཞུའེ་ཞང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་བྱ་བར་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེའི་ཐད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ཡོད་ལ། ཙུང་ལི་ལིས་ཆང་གིས་ཀྱང་བླང་བྱ་ཁ་གསལ་བཏོན་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་དེ་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་བྱ་བ་ཡག་པོ་བསྒྲུབ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། སློབ་སྦྱོང་དང་བརྟག་དཔྱད་ཀྱི་གྲུབ་འབྲས་དེ་བྱ་སྤྱོད་དངོས་ལ་བསྒྱུར་ནས། ལས་དོན་གལ་ཆེན་འདི་ཉིད་ཏན་ཏིག་ངང་ཡག་པོར་སྒྲུབ་ནས། ཏང་དང་མི་དམངས་ཀྱི་འདོད་བློ་ཚིམ་པའི་ཕན་འབྲས་ལེན་རྒྱུར་འགན་ལེན་བྱེད་དགོས་ཞེས་གསུངས།
ཏེན་ཞུའེ་ཞང་གིས་ལས་ཞུགས་སྔོན་ལ་འཛིན་པའི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ལས་ཞུགས་བརྟན་པོ་ཡོང་བའི་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་ཁག་ལག་བསྟར་བྱ་རྒྱུར་དམ་འཛིན་གང་ལེགས་བྱས་ནས། གནད་དུ་འཁེལ་བར་མཐོང་ཆེན་དང་ཕན་འབྲས་ཐོན་རྒྱུར་མཐོང་ཆེན་བྱེད་དགོས། ཚོང་ར་ཅན་གྱི་ལས་ཞུགས་ཐབས་ལམ་གསར་གཏོད་ཤུགས་ཆེན་བྱས་ཏེ། སྤྱི་ཚོགས་འགན་སྲུང་ཁ་གསབ་དང་ལས་ཞུགས་ཁ་གསབ། ལས་རིགས་ཟབ་སྦྱོང་ཁ་གསབ་སོགས་ཀྱི་སྲིད་ཇུས་མཉམ་གཅིག་ཏུ་ལག་བསྟར་བྱེད་དགོས། ལས་སྐྲུན་བྱེད་འདོད་ཡོད་པའི་མཐར་ཕྱིན་སློབ་མར་ལས་སྐྲུན་སྐོར་གྱི་ཁག་ཐེག་དངུལ་བུན་དང་སྐྱེད་གསབ་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་དགོས། སྲིད་ཇུས་རང་བཞིན་གྱི་ལས་གནས་རིགས་སོ་སོ་བཀོལ་སྤྱོད་གང་ལེགས་བྱེད་པ་དང་། གཞི་རིམ་གྱི་ལས་ཞུགས་ལས་གཞི་ལག་བསྟར་གང་ལེགས་བྱེད་པ། སློབ་ཆེན་མཐར་ཕྱིན་སློབ་མ་གྲོང་གསེབ་དང་སྡེ་ཁུལ་དུ་སོང་ནས་ལས་ཞུགས་བྱེད་པར་ཁྲིད་སྟོན་བཅས་བྱེད་དགོས། ལས་ཞུགས་ལས་སྐྲུན་གྱི་མཛུབ་སྟོན་ཞབས་ཞུ་ཞིབ་ཚགས་དང་ཡག་པོར་གཉེར་ནས། དཀའ་ངལ་ཡོད་པའི་མཐར་ཕྱིན་སློབ་མའི་ཚོགས་སྤྱིར་མས་སྐྱོར་རོགས་རམ་བྱ་རྒྱུར་ཤུགས་བསྣན་ནས། ཁྲིམས་ལྟར་ཁྲོམ་རའི་གདན་ཞུའི་སྒྲིག་ལམ་ཚད་ལྡན་ཅན་དུ་གཏོང་དགོས། ལས་ཞུགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་འགལ་བ་ཞི་ལྷོད་དུ་གཏོང་བར་མཐོང་ཆེན་བྱེད་པ་དང་། མཐོ་རིམ་སློབ་གྲྭས་རིག་གཞུང་ཚན་ཁག་གི་ཆེད་ལས་ལེགས་སྒྲིག་དང་ལེགས་སྒྱུར་བྱེད་པར་ཁྲིད་སྟོན་བྱེད་དགོས་ཞེས་ནན་གྱིས་གསུངས།
ཏེན་ཞུའེ་ཞང་གིས་ས་གནས་དང་སྡེ་ཁག་སོ་སོ་དང་སློབ་ཆེན་སོ་སོས་སླར་ཡང་སྐུལ་སློང་དང་བཀོད་སྒྲིག་གང་ལེགས་བྱས་ཏེ། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་ཕྱོགས་སོ་སོའི་འགན་འཁྲི་ཏན་ཏིག་ངང་སྒྲུབ་པ། སྲིད་ཇུས་ཀྱི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། དྲིལ་སྒྲོག་ཁྲིད་སྟོན་ཡག་པོ་བཅས་བྱས་ནས། ད་ལོའི་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་དམིགས་འབེན་ཡོངས་འགྲུབ་ཡོང་བར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།
བན་དེ་སྐྱབས་ཀྱིས་བསྒྱུར།