ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་ཀྲུང་གོ་འགྲིལ་འགྲུལ་སྡེ་ཚོགས་ཀྱི་རྐང་གཉེར་དབུ་གཙོ་ཝང་ཐུང་ཀྲིའུ་སོགས་དང་བཞུགས་མོལ་བྱས།
2023.05.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་ལྔ་པའི་ཚེས་བཅུ་གཅིག་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཟི་ལིང་ནས་ཀྲུང་གོ་འགྲིལ་འགྲུལ་འཛུགས་སྐྲུན་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི། རྐང་གཉེར་དབུ་གཙོ་ཝང་ཐུང་ཀྲིའུ་སོགས་དང་བཞུགས་མོལ་བྱས།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཝང་ཐུང་ཀྲིའུ་སོགས་ཟི་ལིང་དུ་ཐོན་པར་དགའ་བསུ་ཞུས་པ་དང་། ཀྲུང་གོ་འགྲིལ་འགྲུལ་སྡེ་ཚོགས་ཀྱིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་བཞག་པར་བཀའ་དྲིན་ཆེ་ཞུས། ཁོ་ཚོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱས་པ་དང་མཚོ་སྔོན་འཕེལ་རྒྱས་ཀྱི་རླབས་ཆེ་བའི་འཆར་འགོད་གནང་ཡོད་ལ། ཐོན་ཁུངས་དང་ནུས་ཁུངས། མཐོ་སྒང་གི་ལེགས་ཆར་རྐང་བཙུགས་ཏེ། ཞིང་ཆེན་གོང་འོག་ཡོངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབད་པ་ཆེན་པོས་བྲིས། ཀྲུང་གོ་འགྲིལ་འགྲུལ་སྡེ་ཚོགས་ནི་རྒྱལ་ནང་གི་ཆུ་བེད་ཆུ་གློག་དང་སྐྱེ་ཁམས་སྲུང་སྐྱོབ། བཞུར་ཁོངས་ཕྱོགས་བསྡུས་བཅོས་སྐྱོང་ཁྱབ་ཁོངས་ཀྱི་སྣེ་ཁྲིད་པ་ཡིན་ལ། ཁུལ་ཁོངས་ཀྱི་ཁོར་ཡུག་བཅོས་སྐྱོང་དང་ཕྱོགས་བསྡུས་གསར་སྤེལ་གྱི་ལག་བསྟར་མཁན། འགྲིལ་འགྲུལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་ཚོད་ལྟའི་ལས་ཁུངས། ནུས་ཁུངས་གསར་པའི་ཁྱབ་ཁོངས་ཀྱི་ཤུགས་འདོན་པ་ཡིན་ལ། མཚོ་སྔོན་དང་མཉམ་ལས་ཀྱི་རྨང་གཞི་བཟང་པོ་ཡོད་ཅིང་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་དམིགས་འབེན་དང་ཡོངས་སུ་མཐུན་པ། ཕྱོགས་གཉིས་ཀྱིས་མཉམ་ལས་གཏིང་ཟབ་བྱེད་པ་དང་། ཁྱབ་ཁོངས་དང་རིམ་པ་སྔར་ལས་མང་བའི་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས་ནས་མཉམ་ལས་ཀྱི་གྲུབ་འབྲས་གསར་པ་བསྐྲུན་དགོས།

ཝང་ཐུང་ཀྲིའུ་ཡིས་མཚོ་སྔོན་གྱིས་དུས་ཡུན་རིང་བོར་ཀྲུང་གོ་འགྲིལ་འགྲུལ་སྡེ་ཚོགས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་ཀྲུང་གོ་འགྲིལ་འགྲུལ་སྡེ་ཚོགས་ཀྱི་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་བྱས། ཁོས་བསྟན་དོན། མཚོ་སྔོན་ནི་ཀྲུང་གོ་འགྲིལ་འགྲུལ་སྡེ་ཚོགས་དང་མཉམ་ལས་གཏིང་ཟབ་བྱེད་པའི་འཐབ་ཇུས་གྲོགས་པོ་དང་ལས་རིགས་བཀོད་སྒྲིག་ལེགས་སྒྱུར་གྱི་གཙོ་གནད་ས་ཁུལ་ཡིན། ཀྲུང་གོ་འགྲིལ་འགྲུལ་སྡེ་ཚོགས་ཀྱིས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་སྦྲེལ་མཐུད་བྱེད་པ་དང་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། དངོས་གཉེར་མཉམ་ལས་གཏིང་ཟབ་བྱས་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་རྒྱུ་ཡིན། 

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་དང་ཧྲིན་ཀྲང་གཞོན་པ་ཧི་ལུའུ་ཁྲུན་བཞུགས་མོལ་ལ་ཞུགས།

མི་ཕམ་མགོན་པོས་བསྒྱུར།