ཟླ་ལྔ་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་སྔ་གཞུག་ཏུ་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལག་བསྟར་བྱས་ལ། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པ་དང་། འབྲེལ་ཡོད་དོན་དག་ལ་ཞིབ་འཇུག་བྱས།
ཚོགས་ཐོག་ནས་སྐབས་ཉི་ཤུ་པའི་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་གི་དཔལ་འབྱོར་བྱ་བའི་ཐད་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་པའི་བླང་བྱ་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། ཏང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། མིག་སྔའི་བྱ་བ་སྣ་ཚོགས་དམ་འཛིན་བྱས་ཏེ། སྣང་ཚུལ་གསར་བ་དང་གྲུབ་འབྲས་གསར་བས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས། དགེ་མཚན་འདོན་སྤེལ་བྱས་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་པའི་ལས་འགན་གལ་ཆེན་གསར་གཏོད་ལག་བསྟར་བྱེད་པ་དང་། ཐོན་ཁུངས་ཀྱི་དགེ་མཚན་ལ་རྐང་འཛུགས་པ། ཐོན་ལས་ཀྱི་གནས་བཞི་གཙོ་གཞི་རུ་བྱས་པའི་ལྗང་མདོག་ཐཱན་དམའ་འཁོར་རྒྱུག་འཕེལ་རྒྱས་ཀྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱས་ནས། ཐོན་ལས་རིག་ནུས་ཅན་དང་ལྗང་མདོག་ཅན། མཉམ་བསྲེས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། གནས་བབ་དམ་འཛིན་བྱས་ནས་མི་འབོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་བྱེད་པའི་བཀོད་སྒྲིག་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། མི་འབོར་སྤྱིའི་བྱང་ཚད་མཐོར་འདེགས་སུ་བཏང་སྟེ། མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་བསྒྱུར་བར་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ཏུ་ཟླ་ལྔ་པའི་ཚེས་ལྔ་ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་འདུ་ཚོགས་གོང་འཕེལ་དུ་གཏོང་རྒྱུ་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་འཇོག་པ་དང་། སྲོལ་རྒྱུན་ཐོན་ལས་ཀྱི་སྒྱུར་བཀོད་རིམ་སྤོར་དམ་འཛིན་བྱེད་པ། ནུས་ཁུངས་གསར་བ་དང་རྒྱུ་ཆས་གསར་བ་སོགས་གསར་དར་ཐོན་ལས་མྱུར་དུ་སྐྱེད་སྲིང་དང་དར་སྤེལ་གཏོང་བ། བཟོ་སྐྲུན་ལས་རིགས་ཀྱི་རིག་ནུས་ཅན་གྱི་རིམ་སྤོར་དང་ལྗང་མདོག་ཐཱན་དམའ་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ། ཐོན་ལས་མཐོ་རིམ་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་དུ་ཚུལ་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས། ཞིང་ཆེན་གྱི་གནས་ཚུལ་དངོས་ལ་རྐང་འཛུགས་པ་དང་། འོས་འཚམ་སྒོས་སྔོན་དུ་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱེད་པ། གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱེད་པ། ནུས་ཁུངས་གསར་བའི་རླངས་འཁོར་གཞི་རིམ་དུ་འགྲེམ་པའི་བྱ་བ་བཟང་བོར་སྒྲུབ་པ། རོང་འབྲོག་ཁུལ་གྱི་རླངས་འཁོར་བརྗེ་སྤོར་འཛད་སྤྱོད་ལ་སྐུལ་འདེད་བཏང་ནས། འཛད་སྤྱོད་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་གསར་སྐྲུན་བྱེད་པ་དང་། སྤུས་ལེགས་ཡུལ་སྐོར་ལམ་ཐིག་གསར་སྐྲུན་བྱེད་པ། ཞབས་ཞུ་འགན་སྲུང་ནུས་པ་མཐོར་འདེགས་སུ་བཏང་སྟེ། ཡུལ་སྐོར་ལས་རིགས་མྱུར་དུ་སླར་གསོ་བྱེད་པར་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ཏུ་རྒྱལ་ཁབ་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་འབྲེལ་མཐུད་བྱེད་པའི་དཔྱད་ཞིབ་ཐད་ཀྱི་ཡར་ཞུ་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་སྦྲེལ་མཐུད་བཟང་བོ་བྱེད་པའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ། དཔྱད་ཞིབ་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱེད་རྒྱུ་དེ་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པའི་ཆབ་སྲིད་ཀྱི་ཞིབ་དཔྱད་དུ་བརྩི་བ། ཆབ་སྲིད་ཀྱི་རང་རྟོགས་མཐོན་པོ་དང་བྱ་བའི་རྣམ་འགྱུར་བརྟན་པོས་བྱ་བའི་སྤྱོད་ཚུལ་ཕྱོགས་ཡོངས་ནས་བསྒྱུར་བ་དང་། འགན་འཁྲིའི་ཕྲེང་འབྲེལ་ཕྱོགས་ཡོངས་ནས་གཏན་ཁེལ་གསལ་བོ་བྱེད་པ། དག་ཐེར་བྱེད་ཐབས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། དག་ཐེར་གྱི་ཕན་ནུས་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་བ། གོ་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱེད་པ་དང་རྩ་ལག་མཉམ་བཅོས་བྱེད་པ། དངོས་གནས་བཟང་བོར་བསྒྲུབ་པ་དང་རྒྱུན་མཐུད་ངང་ཤུགས་འདོན་པ། རེ་རེ་བཞིན་དག་ཐེར་ལེགས་བཅོས་བཟང་བོ་བྱེད་པར་ཁག་ཐེག་བྱེད་པ། གནད་དོན་ཕྱོགས་ཡོངས་ནས་དག་ཐེར་ལེགས་བཅོས་བྱེད་པར་བརྟེན་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་པའི་ཐད་ནས་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།
རིན་ཆེན་མཚོས་བསྒྱུར།