ཟླ་ལྔ་པའི་ཚེས་བཅུ་གཉིས་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་དང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་སྟེང་དང་། ཧི་པེ་ཞུང་ཨན་ཁུལ་གསར་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་པ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པའི་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བའི་བཀོད་སྒྲིག་གནས་ཚུལ་ལ་ཉན།
ཚོགས་ཐོག་ནས་བསྟན་དོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་སྟེང་མིག་སྔའི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་བྱ་བར་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་དང་། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་དཔལ་འབྱོར་འཕེལ་རྒྱས་ཐད་ནས་བཀོད་སྒྲིག་གལ་ཆེན་བྱས་ལ། བརྡར་གཅོད་ཧ་ཅང་གསལ་བོ་བྱས་པ་དང་། ཁྲིད་ཕྱོགས་ཧ་ཅང་མངོན་གསལ་ཡིན་ལ། ང་ཚོས་དཔལ་འབྱོར་བྱ་བ་སྔར་ལས་བཟང་བོར་སྒྲུབ་པའི་ཐད་ཁ་ཕྱོགས་གསལ་བོ་བསྟན་ཡོད། རང་རྟོགས་སྒོས་བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་མིག་སྔའི་དཔལ་འབྱོར་གནས་བབ་ཐད་ཀྱི་དབྱེ་ཞིབ་བརྡར་གཅོད་དང་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། སྲིད་ཇུས་ཀྱི་ཕན་ནུས་འདོན་སྤེལ་བྱེད་པ་དང་ཚོང་གཉེར་གཙོ་གཞིའི་གསོན་ཤུགས་ཆེར་བསྐྱེད་པ་གཉིས་ཟུང་འབྲེལ་བྱེད་པ། སླར་གསོ་དང་དགོས་མཁོ་རྒྱ་བསྐྱེད་པ་གཉིས་མིག་སྔའི་དཔལ་འབྱོར་རྒྱུན་མཐུད་ངང་འཕར་སྣོན་ཇེ་བཟང་དུ་འགྲོ་བའི་གནད་འགག་ཏུ་བརྩིས་ཏེ། དཔལ་འབྱོར་འཁོར་རྒྱུག་རྒྱུན་མཐུད་ངང་ཇེ་བཟང་དུ་གཏོང་བ་དང་ནང་སྐྱེས་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ། སྤྱི་ཚོགས་དམིགས་དཔག་ལེགས་སྒྱུར་བྱེད་པ། ཉེན་ཁ་ཐག་གཅོད་པ་སོགས་ཀྱི་བྱ་བ་རབ་དང་རིམ་པར་གཅིག་འདོམས་བྱེད་དགོས། བྱ་བའི་བྱེད་ཐབས་ཇེ་བཟང་དུ་གཏོང་བ་དང་། གཙོ་གནད་མི་ཚོགས་དང་ལྷག་པར་དུ་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་བརྟན་འཇགས་ཡོང་བར་བྱེད་ཐབས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ། ཁེ་ལས་ལ་རོགས་བྱས་ནས་དཀའ་ཁག་སེལ་བའི་བྱེད་ཐབས་ཇེ་ལེགས་སུ་གཏོང་བ། ཚོང་འགུག་དངུལ་འདྲེན་བྱེད་ཚད་ཆེར་གཏོང་བ། ནུས་ཁུངས་གསར་བའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་གོ་སྐབས་དམ་འཛིན་བྱེད་པ། དུས་སྐབས་གཙོ་བོའི་ཡུལ་སྐོར་བརྟན་བརླིང་དང་གོ་རིམ་ལྡན་པར་འགན་སྲུང་བྱས་ནས། དཔལ་འབྱོར་ཐད་ཀྱི་སྤུས་ཚད་ཀྱི་མཐོར་འདེགས་དང་གྲངས་ཚད་ཀྱི་ལུགས་མཐུན་འཕར་སྣོན་ལ་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གོ་བ་ཟབ་མོ་ལེན་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་ཤུགས་འདོན་ས་དངོས་ཕུང་དཔལ་འབྱོར་སྟེང་འཇོག་པ། ཐོན་ལས་གནས་བཞི་གཙོ་གཞི་རུ་བྱས་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མྱུར་དུ་འཛུགས་པ། སྲོལ་རྒྱུལ་ཐོན་ལས་ཚུལ་སྒྱུར་རིམ་སྤོར་བྱེད་པ་དང་གསར་དར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་སུ་གཏོང་བ། ལག་རྩལ་གསར་གཏོད་དང་སྒྱུར་བཅོས་ཉེར་སྤྱོད་ལ་སྐུལ་འདེད་བཏང་ནས། སྲོག་ཤིང་ལག་རྩལ་གྱི་ནུས་པ་འབུར་དུ་ཐོན་པ་དང་ལེགས་འདུས་གསར་གཏོད་ནུས་པ་ཆེ་བའི་གསར་གཏོད་རང་བཞིན་གྱི་ཁེ་ལས་སྐྱེད་སྲིང་བྱེད་དགོས། མིག་སྔའི་མི་འབོར་འཕེལ་རྒྱས་ཀྱི་གནས་བབ་གསར་བར་ཕྱོགས་ཡོངས་ནས་ངོས་འཛིན་བྱེད་པ་དང་ཁོང་དུ་ཆུད་པར་བྱེད་པ་དང་། བུ་སྐྱེས་དང་གསོ་སྐྱོང་། སློབ་གསོ། སྨན་བཅོས། སྤྱི་ཚོགས་འགན་སྲུང་། ལས་ཞུགས། རྒན་གསོ་སོགས་ཕྱོགས་ཀྱི་བཅོས་སྒྱུར་གནད་འགྲོལ་བྱེད་ཤུགས་རྒྱུན་མཐུད་ངང་ཇེ་ཆེར་གཏོང་བ། མི་འབོར་དང་དཔལ་འབྱོར་སྤྱི་ཚོགས་དང་ཐོན་ཁུངས་ཁོར་ཡུག་བར་གྱི་འབྲེལ་བར་གཅིག་འདོམས་བྱེད་པ། མི་གྲངས་རྒན་འགྱུར་ཅན་ལ་ཁ་གཏད་འཇལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ། རྒན་གསོ་གསོ་བཅོལ་ལས་ཁུངས་རྒྱུན་མཐུད་ངང་མྱུར་དུ་འཛུགས་སྐྲུན་བྱེད་པ། མི་ཤུགས་ཐོན་ཁུངས་དེ་འཕེལ་རྒྱས་ཀྱི་ཐོན་ཁུངས་སུ་བསྒྱུར་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ཤེས་ལྡན་མི་སྣའི་འགན་སྲུང་འདོན་སྤྲོད་བྱེད་དགོས།
ཚོགས་ཐོག་ནས་བསྟན་དོན། ཞུང་ཨན་ཁུལ་གསར་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་འཆར་འགོད་གནང་བ་དང་དངོས་སུ་ཇུས་ཆོད་བཀོད་པ། དངོས་སུ་སྐུལ་འདེད་བཏང་བའི་ལོ་རྒྱུས་རང་བཞིན་གྱི་བཟོ་སྐྲུན་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་ངང་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བྱེད་པའི་སྐོར་གྱི་བླང་བྱ་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཟུང་འབྲེལ་བྱེད་པ་དང་། སྐྱེ་ཁམས་གཙོར་འཛིན་པ་དང་གསར་གཏོད་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ། མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་ལ་རྐང་བཙུགས་ནས། མདུན་གྲས་ཀྱི་སྲིད་ཇུས་བྱེད་ཐབས་དང་གསར་གཏོད་ཚོད་ལྟའི་དཔེ་སྟོན་ལས་གཞི་ལག་བསྟར་བྱས་ནས་ཕན་འབྲས་ལེན་པར་སྐུལ་འདེད་གཏོང་དགོས། ཐོག་མའི་བསམ་འདུན་ཡིད་ལ་དམ་པོར་འཛིན་པ་དང་། ནུས་པ་མཐོར་འདེགས་སུ་གཏོང་བ། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་པ། བསམ་བློ་བཅིངས་འགྲོལ་དང་ནུས་པ་མཐོར་འདེགས། སྤྱོད་ཚུལ་བསྒྱུར་བ། བྱ་བ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དོན་དག་མ་བྱུང་གོང་ལ་སྔོན་འགོག་བྱེད་རྒྱུ་ནི་བདེ་འཇགས་ཐོན་སྐྱེད་ཀྱི་གལ་ཆེན་ནང་གི་འགངས་ཆེན་ཡིན་པས། ཇི་མ་ཇི་བཞིན་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་ཆེས་གསར་བ་ལག་བསྟར་བྱེད་པ་དང་། འགན་འཁྲི་ཕྲག་ཏུ་ལེན་པ། ཉེན་ཁ་ཕྱོགས་ཡོངས་ནས་རྟོག་སེལ་བྱེད་པ། གནད་དོན་དག་ཐེར་ལེགས་བཅོས་བྱེད་པ། ལྟ་སྐུལ་ཁྲིམས་འཛིན་ནན་མོ་བྱེད་པ། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པར་དོ་སྣང་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་རིགས་མི་འདྲ་བའི་བདེ་འཇགས་ཉེན་ཁ་སྣ་ཚོགས་འགོག་སྡོམ་བྱེད་དགོས། རང་ཞིང་ནི་རང་བྱུང་གནོད་འཚེ་འབྱུང་སླ་བ་དང་འབྱུང་ཚད་མང་པའི་ས་ཁུལ་ཡིན་པས། འཕྲལ་བསྟུན་འདུ་ཤེས་མཐོར་འདེགས་སུ་གཏོང་བ་དང་། བྱ་བའི་ཇུས་གཞི་འཐུས་ཚང་དུ་གཏོང་བ། ཕན་ཡོད་བྱེད་ཐབས་སྤྱོད་པ། འཕྲལ་བསྟུན་མྱུར་སྐྱོབ་དང་གནས་ཚུལ་ལ་ཁ་གཏད་འཇལ་བ་སོགས་ཀྱི་ནུས་པ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས། བདེ་འཇགས་འཕེལ་རྒྱས་ཀྱི་བྱ་བ་སྣ་ཚོགས་དམ་འཛིན་བྱེད་དགོས།
ཚོགས་ཐོག་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་པ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པའི་བྱ་བ་སྣ་ཚོགས་ལ་ཧ་ཅང་མཐོང་ཆེན་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུགཏོང་བ། བསམ་བློའི་ངོས་ཟིན་ཇེ་ཟབ་ཏུ་གཏོང་བ། ད་ལྟ་སྤེལ་བཞིན་པའི་བརྗོད་དོན་སློབ་གསོ་དང་དཔེ་གཞིས་ལེགས་བཅོས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོ་བཅོས་སྐྱོང་ལ་ཟུང་འབྲེལ་བྱས་ཏེ། ཡར་ཞུ་གནད་དོན་དག་ཐེར་ལེགས་བཅོས་བྱེད་རྒྱུ་དམ་འཛིན་བྱེད་དགོས། གནད་དོན་ལ་དམིགས་པ་དང་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། རིམ་པ་བཞིན་གནོན་ཤུགས་བརྒྱུད་སྒྲོག་བྱས་ནས། བྱ་བ་ཤུགས་ཡོད་པ་དང་ཕན་ནུས་ལྡན་པའི་ངང་སྤེལ་བར་ཁག་ཐེག་བྱེད་དགོས། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱེད་པ་འབུར་དུ་ཐོན་པར་བྱེད་པ་དང་། ཐབས་མང་མཉམ་སྤྱོད་དང་ས་བབ་དང་བསྟུན་ནས། མཉམ་དུ་ཕྱུག་པོར་འགྱུར་བའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། བཀོད་གཏོང་ལ་ཤུགས་སྣོན་པ་དང་ལྟ་སྐུལ་མཛུབ་སྟོན་ནན་མོ་བྱེད་པ། ལས་འགན་གྱི་གསལ་ཁྲ་གཞི་འཛིན་ས་རུ་བྱས་ཏེ། གནད་དོན་གལ་ཆེན་དང་གནད་འགག་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་པར་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ནས་བློ་མཐུན་ཀྲང་ཞུའེ་ཀྲུང་ལ་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་མིའི་མཚན་སྙན་རྗེས་སྤྲོད་བྱས་པ་དང་། བྱ་བ་གཞན་པར་ཞིབ་འཇུག་བྱས།
རིན་ཆེན་མཚོས་བསྒྱུར།