ཞི་ཅིན་ཕིང་གིས་ཧི་པེ་རུ་རྟོག་ཞིབ་གནང་ནས་མགོ་འཛིན་མཛད་དེ་པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས།
2023.05.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 53

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧི་པེ་རུ་རྟོག་ཞིབ་གནང་ནས། མགོ་འཛིན་མཛད་དེ་པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་གསུང་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས། གོ་སྐབས་དམ་འཛིན་དང་འགྲན་སློང་བསུ་བ། ཉེན་ཁ་སེལ་བ། གོ་སྐབས་བརྩོན་ལེན་བཅས་ཀྱི་ནུས་པ་སྔར་ལས་ཆེ་རུ་གཏོང་བ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། སྔར་ལས་འབད་འབུངས་ཡར་བརྩོན་གྱི་བསམ་བློ་བཅངས་ནས་ལས་དོན་ཁག་ལ་སྐུལ་འདེད་གཏོང་བ། པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྔོན་སྐྱོད་ས་ཁུལ་དང་དཔེ་སྟོན་ས་ཁུལ་དུ་བསྒྱུར་རྒྱུར་འབད་བརྩོན་བྱེད་དགོས་ཞེས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་བཞུགས་མོལ་ཚོགས་འདུར་ཞུགས།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་ཡིས་རྟོག་ཞིབ་གནང་རོགས་བྱས་ནས་བཞུགས་མོལ་ཚོགས་འདུར་ཞུགས།

ཟླ་ལྔ་པའི་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གཉིས་ཉིན་བར་དུ། ཞི་ཅིན་ཕིང་གིས་ཧི་པེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཉིས་ཡུའེ་ཧྥུན་དང་ཧྲིན་ཀྲང་ཝང་ཀྲིན་ཕུའུ་ཡི་འགྲོ་རོགས་འོག་ཏུ། སྔ་རྗེས་སུ་ཚང་ཀྲོའུ་དང་ཧྲི་ཅ་ཀྲོང་སོགས་སུ་ཕེབས་ནས་གྲོང་གསེབ་དང་གྲུ་ཁ། ཚན་ཞིབ་ལས་ཁུངས་སོགས་སུ་ཕེབས་ཏེ། ཡུལ་དངོས་ནས་པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་གནང་།

ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་པའི་ཚུན་ལ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གཞིར་བཟུང་ནས། པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་ཞིང་ཆེན་དང་གྲོང་ཁྱེར་གསུམ་གྱིས་རང་བདག་འགན་འཁྲི་ཏན་ཏིག་ངང་བསྒྲུབས་པ་དང་། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱིས་རྒྱབ་སྐྱོར་དང་གཞོགས་འདེགས་ཤུགས་ཆེན་བྱས་ནས་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་འབོར་ཆེན་བསྒྲུབས་པ། པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་མངོན་གསལ་དོད་པའི་ཕན་འབྲས་གསར་པ་ཐོབ་པ། པེ་ཅིང་གི་རྒྱལ་ས་མིན་པའི་ནུས་པ་གློད་བཀྲོལ་བྱས་པར་ཕན་འབྲས་རགས་ཙམ་ཐོན་པ། ཞུང་ཨན་ཁུལ་གསར་འཛུགས་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པ། པེ་ཅིང་གྲོང་ཁྱེར་ལྟེ་གནས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་ཕྱིན་པ། འཁོར་ལམ་སྟེང་གི་པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་ཀྱི་རྣམ་པ་མགྱོགས་མྱུར་ངང་གྲུབ་པ། གཞིས་སྡོད་ལ་འཚམ་ཞིང་མཛེས་སྡུག་ལྡན་པའི་པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་ཚན་རྩལ་གསར་གཏོད་དང་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཡོད། ལག་ལེན་དངོས་ཀྱི་སྟེང་ནས་ཏང་ཀྲུང་དབྱང་གི་པེ་ཅིང་དང་ཐེན་ཅིན། ཧི་པེ་སོགས་ས་ཁོངས་འཕེལ་རྒྱས་གཏོང་བའི་སྐོར་གྱི་འཐབ་ཇུས་ནི་རང་རྒྱལ་གྱི་དུས་རབས་གསར་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་ཡིན་པ་ར་སྤྲོད་གསལ་བོ་བྱས་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་རྒྱལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཀྱི་འབྱུང་ཁུངས་གལ་ཆེན་གསུམ་གྱི་གྲས་ཡིན་པའི་ཆ་ནས། ས་གནས་དེ་གསུམ་ཀར་གྲངས་འབོར་མང་བའི་རྩེར་སོན་སློབ་ཆེན་དང་རྩེར་སོན་ཞིབ་འཇུག་ཤེས་ལྡན་མི་སྣ་ཡོད་པར་མ་ཟད། གསར་གཏོད་ཀྱི་རྨང་གཞི་བརྟན་པོ་དང་དངོས་ཤུགས་ཆེན་པོ་ཡོད་པའི་དབང་གིས། མཐུན་སྦྱོར་གསར་གཏོད་དང་ཐོན་ལས་མཉམ་ལས་ལ་ཤུགས་བསྣན་ནས། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་བྱེད་པའི་ཁྲོད་དུ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། པེ་ཅིང་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་དང་ཆུ་ཚད་མཐོ་བའི་འཇོན་མིའི་མཐོ་ས་རུ་གང་མགྱོགས་ངང་བསྐྲུན་ནས། རང་རྒྱལ་གྱི་རང་བརྟེན་གསར་གཏོད་ཀྱི་འབྱུང་རྩ་གལ་ཆེན་དང་ཐོག་མའི་གསར་གཏོད་ཀྱི་འབྱུང་གནས་གཙོ་བོ་བསྐྲུན་གང་ཐུབ་བྱེད་དགོས། ཐོན་སློབ་ཞིབ་གསུམ་གྱི་རོགས་རེས་བྱེད་སྟངས་གསར་པ་བཙུགས་ནས། ཚན་རྩལ་གྲུབ་འབྲས་ས་ཁོངས་ནང་གི་ཚུལ་་སྒྱུར་ལས་ཆོད་དང་བསྡུར་ཚད་མཐོ་རུ་གཏོང་དགོས། ཁེ་ལས་ཀྱི་གསར་གཏོད་རང་བདག་གོ་གནས་ལ་ཤུགས་བསྣན་ནས། རང་བདག་གི་ཤེས་བྱའི་བདག་དབང་དང་རྒྱལ་སྤྱིའི་སྟེང་འགྲན་རྩོད་ཀྱི་ནུས་པ་ལྡན་པའི་གསར་གཏོད་ཅན་གྱི་སྣེ་ཁྲིད་ཁེ་ལས་ཁག་ཅིག་གྲུབ་པར་བྱེད་དགོས། དངོས་ཕུང་དཔལ་འབྱོར་གྱི་རྨང་གཞི་སྔར་ལས་སྲ་བརྟན་དང་སྟོབས་ལྡན་དུ་གཏོང་བ་དང་། གཅིག་སྡུད་གློག་ལམ་དང་དྲ་རྒྱའི་བདེ་འཇགས། སྐྱེ་དངོས་ཀྱི་སྨན་དང་སྨན་བཅོས། གློག་ཤུགས་སྒྲིག་ཆས། བདེ་འཇགས་འཕྲལ་སྡོམ་སྒྲིག་ཆས་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས། འཛམ་གླིང་རིམ་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཚོགས་པ་འབད་པས་བསྐྲུན་དགོས་ཞེས་གསུངས།

པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་མཐར་གཏུག་ན་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་རྒྱུའི་སྟེང་ནས་མངོན་པར་བྱེད་དགོས།  བརྟག་དཔྱད་ཞིབ་འཇུག་བྱེད་སྲོལ་དར་སྤེལ་ཤུགས་ཆེན་གཏོང་བ་དང་མང་ཚོགས་ཀྱི་དགོས་མཁོ་ཤེས་རྟོགས་གཏིང་ཟབ་བྱེད་པ། རྒྱ་ཆེའི་མི་སེར་གྱིས་དོ་ཁུར་བྱེད་པའི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཏན་ཏིག་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་ཚོར་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། སྤྱི་པའི་ཞབས་ཞུ་མཉམ་སྐྲུན་མཉམ་སྤྱོད་ལ་སྐུལ་འདེད་གང་མགྱོགས་གཏོང་བ་དང་ལས་ཞུགས་སྔོན་ལ་འཛིན་པའི་སྲིད་ཇུས་ལ་ཤུགས་བསྣན་ནས། པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་ས་ཁུལ་གྱིས་སྤུས་ཚད་སྔར་ལས་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས། པེ་ཅིང་དང་ཐེན་ཅིན་གྱི་སྤུས་ལེགས་སློབ་གྲྭ་ཆུང་འབྲིང་གི་རྨང་གཞིའི་སློབ་གསོའི་ཐོན་ཁུངས་ཧི་པེ་དང་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། ས་ཁོངས་ནང་གི་མཐོ་རིམ་སློབ་གྲྭའི་དགེ་རྒན་དཔུང་སྡེ་དང་རིག་གཞུང་ཚན་ཁག་འཛུགས་སྐྲུན། གྲུབ་འབྲས་གཞན་སྒྱུར་སོགས་ཐད་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། པེ་ཅིང་དང་ཐེན་ཅིན་གྱི་རྒན་གསོའི་ལས་གཞི་དེ་ཧི་པེ་ཡི་ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་སྣུར་སྤོར་བྱ་རྒྱུར་སྐུལ་འདེད་གཏོང་དགོས། བྱང་ཕྱོགས་ཀྱི་བྱེ་འགོག་ས་ཁུལ་སོགས་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་གཙོ་གནད་བཟོ་སྐྲུན་འཛུགས་སྐྲུན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས། ལྗང་མདོག་སྐྱེ་ཁམས་ཀྱི་འགོག་ར་འཛུགས་སྐྲུན་སོགས་སྐྱེ་ཁམས་འདུ་ཚོགས་བཟོ་སྐྲུན་གལ་ཆེན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་རྒྱུ་ནི་ད་ལོའི་ཏང་འཛུགས་ལས་དོན་གྱི་གལ་འགངས་ཆེ་ཤོས་ཡིན། པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་ཞིང་ཆེན་དང་གྲོང་ཁྱེར་གསུམ་གྱི་ཏང་ཨུ་ཡིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། བརྗོད་དོན་སློབ་གསོ་དམ་འཛིན་ཏན་ཏིག་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་སྔར་ལས་ཆེ་རུ་བཏང་སྟེ། པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བར་འགན་ལེན་བརྟན་པོ་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་གསུངས།

ལིས་ཆང་གིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཏེ་གོ་བ་ལེན་པ་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ཁྱོན་ཡོངས་ལ་བསམ་གཞིགས་གཏོང་བ་དང་བྱེད་ཐབས་སྤྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྔར་ལས་ནུས་ལྡན་ངང་སྐུལ་འདེད་གཏོང་དགོས། ལས་འགན་གཙོ་བོ་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། པེ་ཅིང་གི་རྒྱལ་ས་ལས་འདས་པའི་ནུས་པ་གློད་བཀྲོལ་བྱ་རྒྱུར་དམིགས་གཏོད་པ། ཐོན་ཁུངས་དང་སྲིད་ཇུས། སྟོབས་ཤུགས་བཅས་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། དོད་རྟགས་རང་བཞིན་གྱི་གློད་བཀྲོལ་ལས་གཞིར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་རྒྱུར་འགན་ལེན་བྱེད་དགོས། ས་ཁོངས་ཀྱི་ཁྱད་པར་ལ་སྟངས་འཛིན་ནན་མོ་བྱས་ཏེ། ལེགས་ཆ་གསབ་རེས་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་བསྣན་ནས། རང་སོ་སོའི་ཞན་ཆ་གསབ་དགོས་ལ་ཐུན་མོང་གི་ཞན་ཆ་ཡང་བསྐྲུན་ནས་འཕེལ་རྒྱས་ཀྱི་ཧེ་བག་ཇེ་ཆུང་དུ་གཏོང་བའི་གནས་བབ་དེ་མཐུན་སྦྱོར་འཕེལ་རྒྱས་ཀྱི་འགུལ་ནུས་སུ་འགྱུར་བར་བྱས་ཏེ། མང་ཚོགས་ཀྱི་ཐོབ་ཚོར་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། ལས་ཀའི་ལམ་སྲོལ་སྔར་ལས་ཏན་ཏིག་ཡོང་བར་བྱས་ནས། སྔར་ལས་དམ་ཟབ་ཀྱི་མཐུན་སྦྱོར་སྐུལ་འདེད་རྣམ་པ་ཞིག་གྲུབ་པར་བྱེད་དགོས་ཞེས་གསུངས།

ཏེན་ཞུའེ་ཞང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས། མཁའ་དབུགས་ཀྱི་སྤུས་ཚད་མངོན་གསལ་དོད་པོའི་ངང་ཇེ་ལེགས་སུ་གཏོང་རྒྱུ་དེ་འགྱུར་མེད་རང་བཞིན་གྱི་བླང་བྱར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱུན་སྲིང་ལྷོད་མེད་ངང་རླུང་ཁམས་ཆེན་མོའི་འབག་བཙོག་འགོག་བཅོས་ལས་དོན་ཡག་པོ་བསྒྲུབས་ནས། པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཆུ་ཚད་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏོང་དགོས། ཐོན་ལས་གྲུབ་ཚུལ་ལེགས་སྒྱུར་རིམ་སྤོར་བྱེད་ཤུགས་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་། ནུས་ཁུངས་འཛད་གྲོན་ཆེ་བ་དང་ཕྱིར་འབུད་ཚད་མཐོ་བ། ཆུ་ཚད་དམའ་བའི་ལས་གཞི་རྨོངས་ཚོད་ཀྱིས་འཕེལ་རྒྱས་སུ་གཏོང་བ་བཅས་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། ནུས་ཁུངས་གྲུབ་ཚུལ་གྱི་ཐཱན་ཉུང་ཚུལ་སྒྱུར་ལ་སྐུལ་སྤེལ་གཏོང་བ་དང་། རྡོ་སོལ་གཙང་ཞིང་ཕན་ནུས་ཆེ་བའི་སྒོ་ནས་བེད་སྤྱོད་པར་ཤུགས་སྣོན་པ། ནུས་ཁུངས་གསར་པ་དང་ནུས་ཁུངས་གཙང་མ་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། སྐྱེལ་འདྲེན་གྲུབ་ཚུལ་ལེགས་སྒྲིག་དང་ལེགས་སྒྱུར་བྱས་ནས་འབར་སྣུམ་གྱི་འབག་བཙོག་འབྱུང་རྩ་ནས་འབུད་ཚད་ཇེ་ཉུང་དུ་གཏོང་རྒྱུ། རླུང་ཁམས་ཆེན་མོའི་འབག་བཙོག་མཉམ་འགོག་མཉམ་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ས་གནས་སྲིད་གཞུང་གི་འགན་འཁྲི་ཇེ་དམ་དུ་བཏང་ནས། མཉམ་འཛིན་སྤྱི་སྒྲུབ་ཀྱི་མཉམ་ཤུགས་ཤིག་གྲུབ་པར་བྱེད་དགོས་ཞེས་གསུངས།

ལིས་ཀན་ཅེ་དང་ཧི་ལིས་ཧྥུན་སོགས་ཀྱིས་རྟོག་ཞིབ་གནང་རོགས་བྱས་ནས་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཝུའུ་ཀྲིན་ལུང་དང་མུའུ་ཧུང་། དེ་བཞིན་བརྗོད་དོན་སློབ་གསོའི་ཀྲུང་དབྱང་གི་མཛུབ་སྟོན་ཚན་ཆུང་གཉིས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག འབྲེལ་ཡོད་ས་གནས་དང་འབྲེལ་ཡོད་ཁེ་ལས་བཅས་ཀྱི་འགན་འཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།