མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་སྤུས་འདེགས་ནུས་སྤེལ་དང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་བྱ་བའི་སྐུལ་སྤེལ་བརྙན་རིས་གྲོས་ཚོགས་ཟླ་ལྔ་པའི་ཚེས་བཅུ་གཉིས་ཉིན་བསྡུས། ཚོགས་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་དང་རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་ན་གཞོན་གྱི་ལས་ཞུགས་ལས་སྐྲུན་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ལ། གོ་རིམ་རྗེས་མའི་ལས་འགན་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་ལས་ཞུགས་སྐུལ་སྤེལ་དང་ཟླ་ཕོགས་ཆ་འཇོག་རྩ་བཅོས་བྱེད་པའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་དབྱང་ཀྲི་ཝུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
ཚོགས་ཐོག་ནས་བསྟན་དོན། ལས་ཞུགས་ནི་ཆེས་ཆེ་བའི་དམངས་ཚིས་དང་། དམངས་ཚིས་ཀྱི་བདེ་སྐྱིད་ཇེ་མཐོར་གཏོང་བའི་རྨང་གཞི་རང་བཞིན་དང་རྩ་བའི་རང་བཞིན་གྱི་བྱ་བ་ཡིན་པས། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོ། མཐོ་རིམ་སློབ་གྲྭས་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། ལས་ཞུགས་ཀྱི་སྤུས་འདེགས་ནུས་སྤེལ་དང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་བྱ་བ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཁྲོད་འདྲེས་པར་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ལས་ཞུགས་གཙོར་འཛིན་པའི་འཐབ་ཇུས་ལག་བསྟར་བྱེད་པ། ཡིད་ཆེས་སྔར་ལས་བརྟན་པོ་དང་སྟོབས་ཤུགས་སྔར་ལས་ཆེན་པོར་བརྟེན་ནས་བྱ་བ་སྣ་ཚོགས་དམ་འཛིན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་གནས་བབ་རྒྱུན་མཐུད་དང་གཏན་འཇགས་སྒོས་ཇེ་བཟང་དུ་གཏོང་བར་ཁག་ཐེག་བྱེད་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དུས་ཐོག་ཏུ་ལས་ཞུགས་གཏན་འཇགས་སུ་གཏོང་བའི་སྲིད་ཇུས་བྱེད་ཐབས་ལེགས་སྒྱུར་དང་ལེགས་སྒྲིག་བྱེད་པ་དང་། ལས་ཞུགས་སྤུས་འདེགས་ནུས་སྤེལ་གྱི་དམིགས་ཚད་ལས་འགན་ཇེ་ཞིབ་ཏུ་གཏོང་བ། ལས་ཞུགས་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་སྟེ། ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་གཏན་འཇགས་སུ་གཏོང་བ་དང་རྒྱ་སྐྱེད་དགོས། ཚོང་ར་ཅན་གྱི་ལམ་བུ་རྒྱ་སྐྱེད་པ་དང་། སྲིད་ཇུས་རང་བཞིན་ལས་རྐང་གཞི་ཁྱོན་གཏན་འཇགས་སུ་བཏང་ནས། སྟོབས་ཤུགས་ཡོད་རྒུས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་ན་གཞོན་གྱི་ལས་ཞུགས་ལས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཕྱི་རུ་ངལ་རྩོལ་བྱེད་པར་འགྲོ་བ་དང་ཉེ་འགྲམ་ནས་ལས་ཞུགས་བྱེད་པའི་ལམ་བུ་གཉིས་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། ངལ་རྩོལ་ནུས་ཤུགས་སྤོ་བསྒྱུར་དང་ལས་ཞུགས་རྩ་འཛུགས་ཅན་གྱི་རིམ་ཚད་མཐོར་འདེགས་གཏོང་དགོས། དཀའ་ཁག་མི་སྣའི་ལས་ཞུགས་རོགས་སྐྱོར་དང་གཞི་རྩའི་འཚོ་བའི་འགན་སྲུང་ལ་ཤུགས་བསྣན་ནས། དམངས་ཚིས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་དགོས། ཕྱོགས་སོ་སོའི་འགན་འཁྲི་གཏན་ཁེལ་བྱེད་པ་དང་། གཅིག་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་པ། ལྟ་སྐུལ་མཛུབ་སྟོན་དང་དཔྱད་ཞིབ་ལ་ཤུགས་བསྣན་ནས། སྤུས་ཚད་མཐོ་བའི་ངང་ལོ་ཧྲིལ་བོའི་ལས་ཞུགས་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས།
རིན་ཆེན་མཚོས་བསྒྱུར།