ཝུའུ་ཞའོ་ཅུན་གྱིས་ཟི་ལིང་སློབ་ཆེན་འཛུགས་སྐྲུན་དང་ལས་རིགས་ལག་རྩལ་དངོས་གཞི་སློབ་ཆེན་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱས།
2023.05.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་ལྔ་པའི་ཚེས་བཅུ་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་སློབ་ཆེན་འཛུགས་སྐྲུན་དང་ལས་རིགས་ལག་རྩལ་དངོས་གཞི་སློབ་ཆེན་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ། བརྗོད་དོན་སློབ་གསོ་སྒུལ་ཤུགས་གལ་ཆེན་དུ་བརྩི་བ། ཏང་གི་སློབ་གསོའི་བྱེད་ཕྱོགས་དོན་འཁྱོལ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སློབ་སྒྲུབ་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ལོ་རྒྱུས་ལ་འགན་ཁུར་བ་དང་བུ་རབས་ཚ་རྒྱུད་ལ་འགན་ཁུར་བའི་རྣམ་འགྱུར་གྱིས། སྤུས་ཚད་མཐོ་བའི་ངང་ཟི་ལིང་སློབ་ཆེན་འཛུགས་སྐྲུན་བྱེད་པ་དང་ལས་རིགས་ལག་རྩལ་དངོས་གཞི་སློབ་ཆེན་འཛུགས་སྐྲུན་བྱེད་པ། མཚོ་སྔོན་གྱི་སློབ་གསོ་དེང་རབས་ཅན་དུ་བསྒྱུར་ནས། ཧུར་ཐག་གིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་འདེགས་སྐྱོར་ཤུགས་ཆེན་འདོན་སྤྲོད་བྱེད་དགོས།

ཝུའུ་ཞའོ་ཅུན་སྔ་གཞུག་ཏུ་ཟི་ལིང་སློབ་ཆེན་སློབ་ར་འཛུགས་སྐྲུན་ཡུལ་དངོས་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་མཁར་བྱང་སློབ་ཁུལ། མཚོ་སྔོན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་བཅས་ལ་སོང་ནས། ཟི་ལིང་སློབ་ཆེན་གྱི་སློབ་རའི་རྨང་གཞི་སྒྲིག་ཆས་ལས་གཞི་འཛུགས་སྐྲུན་དང་སྤུས་ཚད་ཀྱི་བདེ་འཇགས་དང་ཁོར་ཡུག་སྲུང་སྐྱོབ་བྱེད་ཐབས་ལག་བསྟར་བྱེད་པ་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། ཟི་ལིང་སློབ་ཆེན་སྐྱེད་སྲིང་སློབ་གླིང་དངོས་ཕུང་ཅན་གྱི་འཁོར་རྒྱུག་དང་ལས་རིགས་ལག་རྩལ་དངོས་གཞི་སློབ་ཆེན་འཛུགས་སྐྲུན་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པར་མ་ཟད། ལས་བྱེད་མི་སྣ་དང་ནང་འདྲེན་བྱས་པའི་ཤེས་ལྡན་མི་སྣའི་འཐུས་ཚབ་ལ་བལྟ་རུ་སོང་ནས། ཚང་མར་འཚམས་འདྲི་བྱས།  ཁོས་བཤད་རྒྱུར། ཕྱོགས་སོ་སོའི་འབད་འཐབ་བརྒྱུད་དེ། ཟི་ལིང་སློབ་ཆེན་དང་ལས་རིགས་ལག་རྩལ་དངོས་གཞི་སློབ་ཆེན་འཛུགས་སྐྲུན་ཐད་གྲུབ་འབྲས་མངོན་གསལ་བླངས་པ་དང་། གནད་འགག་གི་དུས་རིམ་དུ་སླེབས་ཡོད་པས། མྱུར་དུ་འཛུགས་སྐྲུན་བྱེད་པ་དང་ལས་ཆོད་སྔར་ལས་མཐོན་པོས་འཛུགས་སྐྲུན་དམ་འཛིན་བྱེད་པ། སྟོབས་ཤུགས་སྔར་ལས་ཆེན་པོས་ཤེས་ལྡན་མི་སྣ་དམ་འཛིན་བྱེད་པ། ཚད་གཞི་སྔར་ལས་མཐོན་པོས་མ་ལག་དམ་འཛིན་བྱེད་པ། མཉམ་ཤུགས་སྔར་ལས་ཆེན་པོས་མཁྲེགས་གཏོར་དམ་འཛིན་བྱས་ནས། སློབ་ཆེན་གཉིས་འཛུགས་སྐྲུན་བཟང་བོ་བྱེད་དགོས། དེར་མ་ཟད། འབྲེལ་ཡོད་འགན་ཁུར་མི་སྣས་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་སྐྲུན་འཛུགས་སྐྲུན་བྱེད་པ་དང་བདེ་འཇགས་ངང་འཛུགས་སྐྲུན་བྱེད་པ། སྤུས་ཚད་ལ་ཁག་ཐེག་བྱེད་པ་དང་འཛུགས་སྐྲུན་ལ་ཁག་ཐེག་བྱས་ཏེ། སྤུས་ལེགས་བཟོ་སྐྲུན་དང་སེམས་བདེ་བཟོ་སྐྲུན། བདེ་འཇགས་བཟོ་སྐྲུན། དག་གཙང་བཟོ་སྐྲུན་འཛུགས་སྐྲུན་བྱེད་རྒྱུའི་མངག་བཅོལ་བྱས།

དེའི་རྗེས་བསྡུས་པའི་ཆེད་དོན་གྲོས་ཚོགས་སྟེང་། ཝུའུ་ཞའོ་ཅུན་གྱིས་འབྲེལ་ཡོད་སྡེ་ཁག་གི་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན། ཁོས་ནན་གྱིས་བསྟན་དོན། ཟི་ལིང་སློབ་ཆེན་འཛུགས་སྐྲུན་དང་ལས་རིགས་ལག་རྩལ་དངོས་གཞི་སློབ་ཆེན་འཛུགས་སྐྲུན་བྱེད་རྒྱུ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གསོའི་ཐད་ཀྱི་ཞན་ཆ་ཁ་གསབ་བྱེད་པ་དང་སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཇུས་ཆོད་གལ་ཆེན་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་བྲེལ་མྱུར་དགོས་མཁོ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ཐུན་མོང་གི་རེ་སྒུག་བཅས་ཡིན་པས། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་གཏོང་བ་དང་། ཏང་ལ་འཇོན་མི་སྐྱེད་སྲིང་བྱེད་པ་དང་རྒྱལ་ཁབ་ལ་འཇོན་མི་སྐྱེད་སྲིང་བྱེད་པའི་འགན་འཁྲི་ཁག་ཁུར་ཕྲག་ཏུ་ལེན་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་ཏེ། གཙོ་གནད་བྱ་བ་སྣ་ཚོགས་མྱུར་དུ་ལག་བསྟར་བྱེད་དགོས། སྤུས་ཚད་མཐོ་བའི་ངང་ཟི་ལིང་སློབ་ཆེན་འཛུགས་སྐྲུན་བྱེད་པ་དང་། ལེགས་ཞིབ་མཛེས་བདེ་འབུར་དུ་ཐོན་པར་བྱེད་པ། སློབ་རའི་རྨང་གཞི་སྒྲིག་ཆས་མྱུར་དུ་འཛུགས་སྐྲུན་བྱེད་པ། དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་ཐད་ཤུགས་སྣོན་པ། ཉིན་རྒྱུན་གྱི་དོ་དམ་འཁོར་རྒྱུག་ཇེ་དྲག་ཏུ་གཏོང་བ། བསླབ་ཚན་ཆེད་ལས་སྐྱེད་སྲིང་བྱེད་པ། ཆ་སྡེབས་ཞབས་ཞུ་འགན་སྲུང་ལ་ཤུགས་སྣོན་པ། དུས་བཀག་ལྟར་སྐབས་དང་པོའི་སློབ་བསྡུ་མངོན་འགྱུར་བྱེད་པར་ཁག་ཐེག་བྱས་ནས། ཟི་ལིང་སློབ་ཆེན་དེ་ཆུ་ཚད་མཐོ་བའི་ཉེར་སྤྱོད་ཞིབ་འཇུག་རང་བཞིན་གྱི་རང་བྱུང་བཟོ་སྐྲུན་རིག་པའི་སློབ་ཆེན་དུ་འཛུགས་སྐྲུན་བྱེད་དགོས། སྤུས་ཚད་མཐོ་བའི་ངང་ལས་རིགས་ལག་རྩལ་གྱི་དངོས་གཞི་སློབ་ཆེན་འཛུགས་སྐྲུན་བྱེད་པ་དང་། དགེ་རྒན་དཔུང་སྡེ་ཚད་ལོངས་དང་བསླབ་ཚན་ཆེད་ལས་འཛུགས་སྐྲུན། སློབ་ཁུལ་སྤུས་འདེགས་སྒྱུར་བཀོད། བཅོས་སྐྱོང་མ་ལག་འཛུགས་སྐྲུན་སོགས་གཙོ་གནད་བྱ་བར་སྐུལ་འདེད་གཏོང་བ། སློབ་སྒྲུབ་ཀྱི་ངེས་གཏན་གསལ་བ་དང་ཁུལ་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་ཡིན་པ། ཞབས་ཞུའི་བཅོས་སྒྱུར་འཕེལ་རྒྱས་སུ་གཏོང་བའི་ཆུ་ཚད་མཐོ་བའི་ལས་རིགས་ལག་རྩལ་སློབ་ཆེན་གསར་སྐྲུན་བྱས་ཏེ། བྱང་ཚད་མཐོ་བའི་ལག་རྩལ་རྩལ་ནུས་ཀྱི་ཤེས་ལྡན་མི་སྣ་དང་ལག་ཤེས་པ། རྒྱལ་ཁབ་ཆེན་པོའི་བཟོ་སྐྲུན་པ་སྔར་ལས་མང་པོ་སྐྱེད་སྲིང་བྱེད་དགོས།

དབྱང་ཀྲི་ཝུན་དང་ཧི་ལུའུ་ཁྲུན་གཉིས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།

རིན་ཆེན་མཚོས་བསྒྱུར།