ཏེན་ཞུའེ་ཞང་ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་གོའི་ཚོང་རྟགས་གྲགས་ཅན་ཉིན་མོའི་བྱེད་སྒོར་ཞུགས་ནས་ཀྲུང་གོའི་ཚོང་རྟགས་གྲགས་ཅན་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་གླེང་སྟེགས་ལ་ཤིས་ཚིག་ཕུལ།
2023.05.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་ལྔ་པའི་ཚེས་བཅུ་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་ཧྲང་ཧའེ་རུ་གཉེར་བའི་ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་གོའི་ཚོང་རྟགས་གྲགས་ཅན་ཉིན་མོའི་བྱེད་སྒོར་ཞུགས་ཏེ། ཀྲུང་གོའི་ཚོང་རྟགས་གྲགས་ཅན་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་གླེང་སྟེགས་ལ་ཤིས་ཚིག་ཕུལ།

ཏེན་ཞུའེ་ཞང་གིས་ཚོང་རྟགས་གྲགས་ཅན་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་པ་དང་། ཚོང་རྟགས་གྲགས་ཅན་སྐྲུན་རྒྱུ་ནི་མི་དམངས་ཀྱིས་མཛེས་པའི་འཚོ་བར་བཅངས་པའི་དགོས་མཁོ་སྐོང་ཐབས་གལ་ཆེན་ཞིག་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་བཟོ་སྐྲུན་དེ་ཀྲུང་གོའི་གསར་གཏོད་ཀྱི་ཕྱོགས་སུ་སྒྱུར་བ་དང་། ཀྲུང་གོའི་མྱུར་ཚད་དེ་ཀྲུང་གོའི་སྤུས་ཚད་ཀྱི་ཕྱོགས་སུ་སྒྱུར་བ། ཀྲུང་གོའི་ཐོན་རྫས་དེ་ཀྲུང་གོའི་ཚོང་རྟགས་གྲགས་ཅན་གྱི་ཕྱོགས་སུ་སྒྱུར་བ་བཅས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས་མྱོང་། ཀྲུང་གོས་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་པའི་འཚོ་བར་བཅངས་པའི་དགོས་མཁོ་སྐོང་རྒྱུ་དེ་རྩ་བའི་དམིགས་ཡུལ་དུ་བྱས་ནས། ཀྲུང་གོའི་ཚོང་རྟགས་གྲགས་ཅན་སྐྲུན་པའི་བྱ་སྤྱོད་ཏན་ཏིག་ངང་སྤེལ་ཏེ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་ཡིན། ཚོང་རྟགས་གྲགས་ཅན་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཚོང་རྟགས་གྲགས་ཅན་གསར་གཏོད་བྱ་རྒྱུ་དེ་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ནང་འདྲེས་པར་བྱེད་པ། ཞིང་ལས་ཀྱི་ཚོང་རྟགས་གྲགས་ཅན་སྐྲུན་པ། བཟོ་ལས་ཀྱི་ཚོང་རྟགས་གྲགས་ཅན་སྔར་ལས་སྟོབས་ལྡན་དུ་གཏོང་བ། ཞབས་ཞུའི་ལས་རིགས་ཀྱི་ཚོང་རྟགས་གྲགས་ཅན་སྟོབས་ལྡན་དུ་གཏོང་བ་བཅས་བྱས་ཏེ། ཤུགས་རྐྱེན་ཆེ་བ་དང་སྐུལ་ཁྲིད་ཀྱི་རང་བཞིན་ཆེ་བའི་སྤུས་ལེགས་ཚོང་རྟགས་གྲགས་ཅན་ཁག་ཅིག་རིམ་པར་གྲུབ་པར་སྐུལ་འདེད་གཏོང་དགོས། ཁེ་ལས་ཀྱིས་ཚོང་རྟགས་གྲགས་ཅན་གྱི་འཐབ་ཇུས་ལག་བསྟར་བྱ་རྒྱུར་སྐུལ་མ་བཏང་ནས། ཐོན་རྫས་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་ཐད་ནས་ཁེ་ལས་ལ་ཁྲིད་སྟོན་གང་ལེགས་བྱས་ཏེ། ཁེ་ལས་ཀྱིས་ཀྲུང་ཧྭའི་རིག་གནས་ཀྱི་གཞི་རྒྱུ་ཚོང་རྟགས་གྲགས་ཅན་འཛུགས་སྐྲུན་ཁྲོད་ནས་མངོན་དུ་བཅུག་ནས། ཀྲུང་གོའི་སྤུས་ལེགས་ཐོན་རྫས་དང་ཚོང་རྟགས་གྲགས་ཅན་གྱི་ཚོང་ཁང་གཉེར་དགོས། ཚོང་རྟགས་གྲགས་ཅན་ལ་སྲུང་སྐྱོང་བྱེད་པར་ཤུགས་སྣོན་པ་དང་། ཚོང་རྟགས་ཀྱི་དབང་ཆར་གནོད་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ། དྲང་བདེན་ངང་འགྲན་རྩོད་བྱེད་པའི་ཚོང་རའི་སྒྲིག་ལམ་ལ་སྲུང་སྐྱོབ་ཏན་ཏིག་བཅས་བྱས་ཏེ། ཚོང་རྟགས་གྲགས་ཅན་འཕེལ་རྒྱས་གཏོང་བའི་ཁོར་ཡུག་བཟང་པོ་འབད་པས་སྐྲུན་དགོས་ཞེས་གསུངས།

ཏེན་ཞུའེ་ཞང་གིས་ཚོང་རྟགས་གྲགས་ཅན་སྐྲུན་པར་སྐུལ་འདེད་གཏོང་བ་ལ་ཅིས་ཀྱང་ཐུན་མིན་གྱི་ཁྱད་ཆོས་དང་ཐུན་མོང་གི་མཛེས་པའང་ཡོད་དགོས་ཞེས་གསུངས། ཏེན་ཞུའེ་ཞང་གིས་ཚོང་རྟགས་གྲགས་ཅན་སྐྲུན་དགོས་པའི་ཐད་ནས་གྲོས་འགོ་གསུམ་བཏོན་པ་རེད། གཅིག་ནས་ཚོང་རྟགས་གྲགས་ཅན་གྱི་འཚར་ལོངས་ལ་མཉམ་དུ་སྲུང་སྐྱོབ་བྱས་ནས། ཚོང་རྟགས་གྲགས་ཅན་གྱི་འབྲེལ་ཡོད་ཤེས་བྱའི་ཐོན་དབང་གི་རྒྱལ་སྤྱིའི་སྒྲིག་སྲོལ་དང་ཚད་གཞི་སྔར་ལས་འཐུས་སྒོ་ཇེ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ཚོང་རྟགས་གྲགས་ཅན་ལ་སྲུང་སྐྱོབ་དང་དེའི་ཐད་གནས་པའི་རྩོད་གཞི་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་དགོས། གཉིས་ནས་ཚོང་རྟགས་གྲགས་ཅན་སྐྲུན་པའི་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ནས། ཚོང་རྟགས་གྲགས་ཅན་སྐྲུན་རྒྱུ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་དགོས། གསུམ་ནས་ཚོང་རྟགས་གྲགས་ཅན་གོ་ལ་ཧྲིལ་པོས་མཉམ་སྤྱོད་ཐུབ་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་སོ་སོའི་མི་དམངས་ལ་ཐོན་རྫས་སྤུས་ལེགས་དང་ཞབས་ཞུ་སྔར་ལས་བཟང་བོ་འདོན་སྤྲོད་བྱ་དགོས་ཞེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།