ཧོ་ལན་སྲིད་གཞུང་གི་གདན་དྲངས་པ་ལྟར་དུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ས་དེའི་དུས་ཚོད་ཟླ་ལྔ་པའི་ཚེས་བཅུ་ཉིན་ནས་ཚེས་བཅུ་གཉིས་ཉིན་བར་ཧོ་ལན་དུ་འཚམས་འདྲི་བྱས་ཏེ། ཧའེ་ཡ་རུ་རྒྱལ་པོ་ཝུའེ་ལན-ཡ་ལིས་ཧྲན་ཏ་ལ་མཇལ་འཛོམས་བྱས་པར་མ་ཟད། དབུ་བཞུགས་བློན་ཆེན་ལུའུ་ཐི་དང་ལྷན་དུ་གྲོས་མོལ་བྱས།
ཧན་ཀྲིན་གྱིས་ཀྲུང་གོ་དང་ཧོ་ལན་རྒྱལ་ཁབ་གཉིས་ཀའི་བར་དུ། ལྗང་མདོག་ཐཱན་ཉུང་དང་གནམ་གཤིས་འགྱུར་ལྡོག་སོགས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་བར་མཐོངས་ཧ་ཅང་ཆེན་པོ་བསྐྲུན་ཡོད་པས། རྒྱལ་ཁབ་གཉིས་ཀས་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ། འགྲན་སློང་མང་པོ་མཉམ་བསུ་བྱ་དགོས། དཔལ་ཡོན་མི་འདྲ་བའི་རྒྱལ་ཁབ་བར་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་བསམ་ཤེས། ཕན་ཚུན་རྒྱབ་སྐྱོར་བཅས་བྱས་ཏེ། བརྗེ་རེས་དངོས་ཀྱི་ཁྲོད་དུ་ངོས་འཛིན་གཅིག་མཐུན་ཡོང་བར་བྱེད་པ་དང་མཉམ་ལས་ཀྱི་ཁྲོད་ནས་གཉིས་ཕན་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བཤད།
ཧན་ཀྲིན་གྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་འགག་རྩ་དེ་ལག་ལེན་ལ་འདེབས་མིན་དང་ཐད་ཀར་འབྲེལ་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱ་དགོས། ཀྲུང་གོ་དང་ཡོ་རོབ་བར་རྩ་བའི་ཁེ་ཕན་གྱི་གདོང་ཐུག་འབྱུང་མི་སྲིད་ལ། དེ་ལས་ལྡོག་ཏེ་ལེགས་ཆ་གང་མང་ཕན་ཚུན་གསབ་རེས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དངོས་སྒྲུབ་མཉམ་ལས་བྱས་པ་བརྒྱུད། གཞི་ནས་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་སྔར་ལས་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད།
ལུའུ་ཐི་ཡིས་ཧན་ཀྲིན་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་ཏེ་བསྟན་དོན།ཧོ་ལན་དང་ཀྲུང་གོའི་བར་གྱི་འབྲེལ་བ་བརྟན་ལ་ནུས་པ་ལྡན་པ་དང་། ཕྱོགས་གཉིས་ཀའི་བར་དུ། དཔལ་འབྱོར་ཉོ་ཚོང་དང་ལྗང་མདོག་ཐཱན་ཉུང་། གནམ་གཤིས་འགྱུར་ལྡོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བར་མཐོངས་ཧ་ཅང་ཆེན་པོ་ཡོད། དེང་སྐབས་འཛམ་གླིང་སྟེང་དུ་གནད་དོན་ཧ་ཅང་མང་པོ་གནས་ཡོད་པས། འཛམ་གླིང་ལ་མཚོན་ན་ཀྲུང་གོའི་ནུས་པ་ནི་མེད་དུ་མི་རུང་བ་ཞིག་ཡིན། ཧོ་ལན་དང་ཀྲུང་གོའི་བར་གྱི་འགྲོ་འོང་མགྱོགས་མྱུར་ངང་སླར་གསོ་ཡོང་བར་རེ་ལྟོས་བཅངས་ནས། ཕྱོགས་གཉིས་ཀའི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། གནམ་གཤིས་འགྱུར་ལྡོག་ཁྱབ་ཁོངས་ཀྱི་ཚན་རྩལ་མཉམ་ལས་ལ་ཤུགས་སྣོན་པ། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་དམིགས་འབེན་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།