རང་རྒྱལ་དུ་རྒྱལ་ཁབ་ཀྱི་ཆུ་གྲོན་ཆུང་ཅན་གྱི་གྲོང་ཁྱེར་བརྒྱ་དང་ཞེ་ལྔར་སླེབས།
2023.05.15 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 25

ཟླ་ལྔ་པའི་ཚེས་བཅུ་བཞི་ཉིན་ནས་ཟླ་ལྔ་པའི་ཚེས་ཉི་ཤུ་ཉིན་བར་ནི། ཉིས་སྟོང་ཉེར་གསུམ་ལོའི་རྒྱལ་ཡོངས་གྲོང་ཁྱེར་གྱི་ཆུ་གྲོན་ཆུང་དྲིལ་སྒྲོག་གཟའ་འཁོར་ཡིན་ལ། ད་ལོའི་བརྗོད་དོན་ནི་གྲོང་ཁྱེར་གྱིས་ཆུ་གྲོན་ཆུང་བྱེད་པར་སྐུལ་འདེད་བཏང་ནས་གཞིས་སྡོད་ལ་འཚམ་པའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་ཅེས་པ་དེ་རེད། ཉེ་བའི་ལོ་འགའི་རིང་ལ། ས་ཆ་སོ་སོས་གྲོང་ཁྱེར་གྱིས་ཆུ་གྲོན་ཆུང་བྱེད་པར་སྐུལ་འདེད་ཆེན་པོ་བཏང་ནས། རྒྱལ་ཡོངས་སུ་རྒྱལ་ཁབ་ཀྱི་ཆུ་གྲོན་ཆུང་ཅན་གྱི་གྲོང་ཁྱེར་བརྒྱ་དང་ཞེ་ལྔ་འཛུགས་སྐྲུན་བྱས།

སྡོད་ཁང་མཁར་གྲོང་འཛུགས་སྐྲུན་པུའུ་ཡི་གཞི་གྲངས་ཆེས་གསར་པ་ལྟར་ན། ཉིས་སྟོང་ཉེར་གཉིས་ལོར། གྲོང་ཁྱེར་གྱི་མི་རེས་ཆ་སྙོམ་ཕྱོགས་བསྡུས་སྒོས་ཆུ་བཀོལ་ཚད་ནི་ཉིན་རེར་མི་རེས་ཧྲེང་སུམ་བརྒྱ་དང་སུམ་ཅུ་ཡིན། འཚོ་བའི་ཆུ་ཚད་རྒྱུན་མ་ཆད་པར་ཇེ་མཐོར་འགྲོ་བཞིན་པ་དང་མཉམ་དུ། ཆུ་བཀོལ་ཚད་དེ་ལོ་བཅུའི་སྔོན་དང་བསྡུར་མ་བརྒྱ་ཆའི་ལྔ་དང་གྲངས་ཆུང་ལྔས་ཇེ་དམའ་རུ་སོང་ཡོད། དེ་དང་མཉམ་དུ་ས་ཆ་སོ་སོས་ཆུ་བཀོལ་བའི་འདུ་ཤེས་ལེགས་སྒྱུར་བྱས་པས། བསྐྱར་སྤྱོད་ཆུ་བཀོལ་སྤྱོད་བྱེད་ཚད་དེ་ལོ་རེ་བཞིན་ཇེ་མཐོར་སོང་། ཉིས་སྟོང་ཉེར་གཉིས་ལོར། རྒྱལ་ཡོངས་ཀྱི་གྲོང་ཁྱེར་གྱིས་བསྐྱར་སྤྱོད་ཆུ་བཀོལ་སྤྱོད་བྱས་ཚད་དེ་སྨི་རྒྱ་དཔངས་གྲུ་བཞི་མ་ཐེར་ཆེན་གཅིག་དང་ཐེར་འབུམ་བརྒྱད་ལ་སླེབས་ནས། ལོ་བཅུའི་སྔོན་ལས་ལྡབ་བཞི་དང་གྲངས་ཆུང་དྲུག་འཕར།

རྒྱལ་ཡོངས་ཀྱི་ཆུ་ཆེས་དཀོན་པའི་གྲོང་ཁྱེར་བརྒྱ་དང་བརྒྱད་ཀྱི་གྲས་ཡིན་པའི་སི་ཁྲོན་ཞིང་ཆེན་ནེ་ཅང་གྲོང་ཁྱེར་གྱིས་ཟླ་རྗེས་མ་ནས་བཟུང་བསྐྱར་སྤྱོད་ཆུའི་བཟོ་གྲྭ་ཞིག་ཡང་བསྐྱར་བཀོལ་སྤྱོད་བྱ་རྒྱུ་ཡིན་པ་དང་། སྐབས་དེར་གྲོང་ཁྱེར་དེ་རུ་བསྐྱར་སྤྱོད་ཆུའི་བཀོལ་སྤྱོད་ཀྱི་སྒྲིག་ཆས་ལྔ་ཡོད་པར་གྱུར་པ་རེད། ཆུ་རྙོག་དང་ཆར་ཆུ་ལེགས་སྒྱུར་བྱས་ཏེ་སྤུས་ཚད་ངེས་ཅན་ལ་ཐོན་ཚེ་ཡང་བསྐྱར་བཀོལ་བ་ནི་ནེ་ཅང་གྲོང་ཁྱེར་འཕེལ་རྒྱས་ཀྱི་རྒྱབ་བརྟེན་ཞིག་ཏུ་གྱུར་ཡོད།

ཉེ་བའི་ལོ་འགའི་རིང་ལ་རང་རྒྱལ་གྱིས་སྔ་གཞུག་ཏུ་གྲོང་ཁྱེར་དོན་ལྔ་རྩ་འཛུགས་བྱས་ཏེ་འགྱིག་བལ་གྲོང་ཁྱེར་འཛུགས་སྐྲུན་གྱི་ཚོད་ལྟ་བྱས་ཏེ། གྲོང་ཁྱེར་གྱིས་ཆུ་བཀོལ་སྤྱོད་བྱེད་ཤེས་པ་དང་ཆུ་གྲོན་ཆུང་བྱེད་ཐུབ་པར་བྱས། ཅང་སུའུ་ཞིང་ཆེན་ཁུན་ཧྲན་གྲོང་ཁྱེར་དུ་ད་ལྟ་གསར་འཛུགས་བྱེད་པ་དང་ལེགས་སྒྱུར་བྱེད་པའི་ལས་གཞི་ཚང་མས་འགྱིག་བལ་གྲོང་ཁྱེར་འཛུགས་སྐྲུན་གྱི་འདུ་ཤེས་དོན་འཁྱོལ་ནན་མོ་བྱེད་དགོས།

མིག་སྔར། རང་རྒྱལ་གྱིས་གྲོང་ཁྱེར་ལྔ་བཅུ་རུ་སྤྱི་ཐུན་ཆུ་འདོན་སྦུག་དྲ་ལེགས་བཅོས་བྱེད་བཞིན་པ་དང་། ད་ལོར་ས་ཆ་སོ་སོས་ད་དུང་གྲོང་ཁྱེར་གསར་སྒྱུར་སོགས་ཀྱི་བྱ་བར་ཟུང་སྦྲེལ་བྱས་ཏེ། ལུགས་མཐུན་བཀོལ་སྤྱོད་ཀྱི་དུས་ཡུན་ལོངས་པ་དང་། རྒྱུ་སྤུས་རྗེས་ལུས་ཡིན་པའི་ཆུ་འདོན་སྦུག་དྲ་གསར་སྒྱུར་དང་ལེགས་སྒྱུར་བྱེད་རྒྱུ་རེད།