རང་རྒྱལ་ནི་འཛམ་གླིང་སྟེང་གི་ས་ཞིང་བ་ཚྭ་ཅན་མང་བའི་རྒྱལ་ཁབ་ཆེན་པོ་གསུམ་པ་རེད། ད་ལོར་རང་རྒྱལ་གྱིས་ཁྱད་སྟོབས་ཐོན་ཁུངས་གཅིག་སྡུད་ཀྱིས་ས་ཞིང་བ་ཚྭ་ཅན་ཕན་འབྲས་ཆེན་པོས་བཅོས་སྐྱོང་བྱས་པས། ས་ཞིང་བ་ཚྭ་ཅན་ཕྱོགས་བསྡུས་ཀྱིས་བཀོལ་སྤྱོད་བྱེད་པར་གྲུབ་འབྲས་བཟང་བོ་ཐོབ།
རང་རྒྱལ་དུ་མིག་སྔར་བེད་སྤྱོད་བྱེད་ཆོག་པའི་ས་ཞིང་བ་ཚྭ་ཅན་གྱི་ཐོན་ཁུངས་སྣ་ཚོགས་མུའུ་དུང་ཕྱུར་ལྔ་ལྷག་ཡོད་ལ། དེའི་ནང་དུ་ཞིང་ལས་ཐད་བཀོལ་ཆོག་པའི་ས་ཞིང་བ་ཚྭ་ཅན་གྱི་སྤྱིའི་རྒྱ་ཁྱོན་ལ་མུའུ་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ས་ཡ་ལྔ་ཡོད། རྒྱལ་ཁབ་ས་ཞིང་བ་ཚྭ་ཅན་ཕྱོགས་བསྡུས་བཀོལ་སྤྱོད་ལག་རྩལ་གསར་སྤེལ་ལྟེ་གནས་ཧྲན་ཏུང་ཞིང་ཆེན་ཏུང་དབྱིན་གྲོང་ཁྱེར་དུ་བཙུགས་ཡོད་པ་དང་། གསར་སྐྲུན་ལྟེ་གནས་དེ་ནི་ཀྲུང་གོ་ཞིང་ལས་ཚན་རིག་གླིང་སོགས་ལས་ཁུངས་ཀྱིས་རྒྱལ་ནང་གི་ས་ཞིང་བ་ཚྭ་ཅན་གྱི་ཚན་རིག་ཞིབ་འཇུག་གླིང་དང་སློབ་གྲྭ། ཁེ་ལས་སོགས་ཁྱད་སྟོབས་ཅན་གྱི་ལས་ཁུངས་བཅོ་བརྒྱད་ལ་མཉམ་འབྲེལ་བྱས་ཏེ་བཙུགས་པ་ཡིན་ལ། ས་ཞིང་བ་ཚྭ་ཅན་གྱི་སྐྱེ་དངོས་རྒྱུད་སྤེལ་དང་། ས་ཞིང་བ་ཚྭ་ཅན་གྱི་ཐོན་ནུས་མཐོར་འདེགས། ས་ཞིང་བ་ཚྭ་ཅན་གྱི་སྐྱེ་ཁམས་ཅན་བཀོལ་སྤྱོད་བཅས་གནད་འགག་གི་ཁྱབ་ཁོངས་ཆེན་པོ་གསུམ་དམ་དུ་བཟུང་སྟེ། ལོ་གསུམ་ཡས་མས་ཀྱི་དུས་ཚོད་སྤྱད་དེ། བ་ཚྭ་འབྲིང་ཙམ་གྱི་ས་རུ་སྐྱེས་ཐུབ་པའི་འབྲུ་སྣུམ་དང་གཟན་རྩྭ། དམིསག་བསལ་ལོ་ཏོག་གི་རིགས་བརྒྱད་ཅུའི་ཡན་གསོ་སྐྱོང་བྱེད་པ་དང་། བ་ཚྭའི་ནང་དུ་སྐྱེས་ཐུབ་པའི་ལོ་ཏོག་གསར་པའི་རིགས་ཀྱི་འདེབས་རྒྱ་མུའུ་བྱེ་བ་གསུམ་ལ་སླེབས་སུ་འཇུག་པའི་འཆར་གཞི་ཡོད།
རྒྱུས་ལོན་བྱུང་བལྟར་ན། མིག་སྔར་རང་རྒྱལ་གྱིས་ས་ཞིང་བ་ཚྭ་ཅན་ཕྱོགས་བསྡུས་ཀྱིས་བཀོལ་སྤྱོད་བྱེད་པར་ས་རྒྱུའི་ཚྭ་འབུད་ལག་རྩལ་དང་། ས་རྒྱུའི་སྐྱེ་དངོས་ཀྱི་ནུས་ཡོད་ཚྭ་བཅོས་ས་སྒྱུར་ལག་རྩལ་སོགས་མ་ལག་ཆེན་པོ་བརྒྱད་ཀྱི་ཉེར་སྤྱོད་ལག་རྩལ་བཞི་བཅུ་ལྷག་གྲུབ་ཡོད། རིགས་སྣའི་ཕྱོགས་ནས་རང་རྒྱལ་གྱིས་བ་ཚྭ་ཅན་གྱི་ས་རུ་སྐྱེས་ཐུབ་པའི་ལོ་ཏོག་གི་རིགས་ལྔ་བཅུ་ལྷག་ཁྱབ་གདལ་དུ་བཏང་ཡོད། བསྟུད་མར་བཅོས་སྐྱོང་ལེགས་སྒྱུར་བྱས་པ་བརྒྱུད་དེ། རང་རྒྱལ་གྱིས་བ་ཚྭ་ཅན་གྱི་ས་ཞིང་གི་རྒྱ་ཁྱོན་ཇེ་ཆུང་དུ་འགྱུར་བཞིན་ཡོད།