ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་རྒྱལ་ཁབ་རྩི་ཤིང་ར་བའི་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དོན་འཁྱོལ་ནན་མོ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལ་རྐང་འཛུགས་པ། མགོ་ཚུགས་ས་མཐོ་བ་དང་ཚད་གཞི་མཐོ་བ། སྤུས་ཚད་མཐོ་བའི་ངང་ཟི་ལིང་རྒྱལ་ཁབ་རྩི་ཤིང་ར་བའི་འཛུགས་སྐྲུན་བྱ་བ་བཟང་བོར་བསྒྲུབ་པ། རྒྱལ་ཁབ་རྩི་ཤིང་ར་བའི་འཛུགས་སྐྲུན་མ་ལག་ཁྲོད་འདྲེས་པར་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་སའི་མིང་བྱང་གསར་བ་བསྐྲུན་དགོས།
ཝུའུ་ཞའོ་ཅུན་སྔ་གཞུག་ཏུ་ཟི་ལིང་རྩི་ཤིང་ར་བ་དང་ནུབ་རི་ནགས་ར། ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་བཅས་སུ་སོང་ནས། འཆར་འགོད་བཀོད་སྒྲིག་དང་འཛུགས་སྐྲུན་དོ་དམ། མཐོ་སྒང་གི་རྩི་ཤིང་ས་བོན་ཐོན་ཁུངས་བསྡུ་རུབ་གདེང་འཇོག་སྲུང་སྐྱོབ་སོགས་གནས་ཚུལ་ལ་ཡུལ་དངོས་ནས་རྒྱུས་ལོན་གསལ་བོ་བྱས་པར་མ་ཟད། བཞུགས་མོལ་ཚོགས་འདུ་བསྡུས་ཏེ། འཛུགས་སྐྲུན་སྤྱིའི་ཇུས་གཞི་དང་སྔོན་དུས་ཀྱི་བྱ་བ་སྤེལ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། གོ་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་བྱས།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ཟི་ལིང་རྒྱལ་ཁབ་རྩི་ཤིང་ར་བ་འཛུགས་སྐྲུན་བྱེད་རྒྱུ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པའི་ལག་ལེན་དངོས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པའི་འགུལ་སྐྱོད་དངོས། མདོ་དབུས་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་གྲུབ་འབྲས་ངོམ་པའི་སྟེགས་བུ་གལ་ཆེན། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པའི་འདྲེན་བྱེད་གལ་ཆེན་བཅས་ཡིན། རྒྱལ་ཁབ་རྩི་ཤིང་ར་བའི་འཆར་འགོད་མ་ལག་དང་གསར་འཛུགས་ཚད་གཞི་གཞིར་འཛིན་པ་དང་། ཟི་ལིང་རྩི་ཤིང་ར་བའི་རྨང་གཞིའི་ཆ་རྐྱེན་དང་མཐའ་འཁོར་གྱི་སྐྱེ་ཁམས་ས་གཤིས་ཀྱི་དགེ་མཚན་ལ་རྐང་འཛུགས་པ། ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་གི་ཚན་རིག་ཞིབ་འཇུག་སྟོབས་ཤུགས་དང་ས་བོན་གཞི་རྒྱུད་མཛོད་ཀྱི་ཐོན་ཁུངས་ལ་རྒྱབ་བརྟེན་པ། རྒྱལ་ཁབ་སྤྱི་གླིང་སྐྱེ་དངོས་སྣ་མང་རང་བཞིན་ལ་ས་དེ་ནས་སྲུང་སྐྱོབ་བྱེད་པ་དང་རྩི་ཤིང་ར་བའི་མ་ལག་གནས་སྤོར་སྲུང་སྐྱོབ་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ། རྩི་ཤིང་དང་སྲོག་ཆགས་གཞི་གཅིག་རང་བཞིན་འབུར་དུ་ཐོན་པར་བྱེད་པ། ཚན་རིག་ཞིབ་འཇུག་དང་སྐྱེ་ཁམས་སླར་གསོ། ཚན་རྩལ་ཁྱབ་གདལ་དྲིལ་སྒྲོག་སློབ་གསོ། སྤྲོ་གསེང་ལྟ་སྐོར། ཞིབ་སློབ་བརྗེ་རེས་བཅས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་ཁབ་རྩི་ཤིང་ར་བ་འཛུགས་སྐྲུན་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། སྒྲིག་གཞི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། འཛུགས་སྐྲུན་རྩ་འཛུགས་ཀྱི་སྒྲོམ་གཞི་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་ཚན་རིག་ཞིབ་འཇུག་མ་ལག་དང་ལས་སྒོའི་མ་ལག འདེགས་སྐྱོར་མ་ལག་དང་དོ་དམ་མ་ལག་འཛུགས་པ། སྤྱིའི་འཆར་འགོད་དང་ཆེད་དོན་འཆར་འགོད་སྒྲིག་བཟོ་བྱས་ཏེ། དུས་ཚོད་དང་གོ་རིམ་བགོས་ནས་རྩ་འཛུགས་དང་ལག་བསྟར་བྱེད་དགོས། འདེགས་སྐྱོར་གྱི་འགན་སྲུང་ཇེ་དྲག་ཏུ་གཏོང་བ་དང་། འཛུགས་སྐྲུན་གཙོ་གཞི་དང་འགན་འཁྲི་བགོ་བཤའ་གཏན་ཁེལ་གསལ་བོ་བྱེད་པ། ས་ཁུལ་དང་སྡེ་ཁག་གི་མཉམ་ལས་ལ་ཤུགས་སྣོན་པ། མ་དངུལ་གཏོང་བར་འགན་སྲུང་བྱེད་པ། ཚན་རྩལ་འདུས་ཚད་ཇེ་དྲག་ཏུ་གཏོང་བ། རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་གི་རྒྱབ་སྐྱོར་བརྩོན་ལེན་བྱས་ནས། འཛུགས་སྐྲུན་གྱི་མཉམ་ཤུགས་གྲུབ་པར་བྱེད་དགོས། དངོས་གཉེར་ཕན་ལྡན་སྒོས་ལག་བསྟར་བྱེད་པ་དང་། འགུལ་སྐྱོད་ཀྱི་ཇུས་གཞི་གཏན་འབེབས་བྱེད་པ། དུས་ཚོད་ཀྱི་རེའུ་མིག་བཀོད་སྒྲིག་བྱེད་པ། ལས་འགན་གྱི་གསལ་ཁྲ་བྲིས་ཏེ། འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས། མཉམ་ལས་མཉམ་འཛུགས་ཟབ་མོ་བྱེད་པ་དང་། ཚན་རིག་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་འཛུགས་པ། ཕུལ་བྱུང་རྩི་ཤིང་ར་བ་འཛུགས་སྐྲུན་གྱི་ཉམས་མྱོང་དང་གྲུབ་འབྲས་ལ་སློབ་སྦྱོང་དང་དཔེ་ལྟ་བྱེད་པ། རྩི་ཤིང་སྲུང་སྐྱོབ་ཐད་ཀྱི་རྒྱལ་སྤྱི་རྒྱལ་ནང་གི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། འཛུགས་སྐྲུན་སྤུས་་ཚད་མཐོར་འདེགས་སུ་གཏོང་དགོས།
ཝང་ཝེ་ཏུང་དང་ལིའུ་ཐའོ། ལིས་ཞའོ་ནན་བཅས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།
རིན་ཆེན་མཚོས་བསྒྱུར།