ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཨེ་ལི་ཐེ་ལི་ཡའི་ཙུང་ཐུང་དབྱི་ས་ཡ་ཟི་དང་གྲོས་མོལ་མཛད།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ལི་ཐེ་ལི་ཡའི་བར་དུ་སྲོལ་རྒྱུན་མཛའ་བརྩེ་ཟབ་མོ་ལྡན། ད་ལོའི་ཟླ་ལྔ་པའི་ཚེས་ཉེར་བཞི་ཉིན་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་འཁོར་བའི་ཉིན་མོ་ཡིན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་འཁོར་བའི་རིང་ལ། ཕྱོགས་གཉིས་ཀས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་རྒྱབ་སྐྱོར་གང་ལེགས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ལྟ་སྟངས་ཡང་དག་འཛིན་གྱིན་ཡོད་པས། ཀྲུང་གོ་ནི་ཨེ་ལི་ཐེ་ལི་ཡའི་བློ་གཏད་ཆོག་པའི་གྲོགས་པོ་ཡིན། མིག་སྔའི་བརྟན་བརླིང་མིན་ཞིང་གཏན་འཁེལ་རང་བཞིན་མེད་པའི་རྒྱལ་སྤྱིའི་གནས་བབ་ཀྱི་མདུན་དུ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་ཀའི་ཐུན་མོང་དང་ཕུགས་ཀྱི་ཁེ་ཕན་དང་མཐུན་པར་མ་ཟད། ས་ཁུལ་གྱི་ཞི་བདེ་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱེད་པར་ཡང་དོན་སྙིང་ཆེན་པོ་ལྡན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ལི་ཐེ་ལི་ཡ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་འབྲེལ་བ་ཇེ་དམ་དུ་བཏང་ནས། ཀྲུང་གོ་དང་ཨེ་ལི་ཐེ་ལི་ཡའི་འཐབ་ཇུས་རོགས་རེས་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་གནས་བབ་ཇི་ལྟར་འགྱུར་རུང་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་རྒྱུས་ལོན། ཕན་ཚུན་རྒྱབ་སྐྱོར། ཕན་ཚུན་རོགས་རམ་བཅས་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་འབྲེལ་བའི་རྨང་རྡོ་ལྟ་བུ་ཡིན་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱིས་འཛམ་གླིང་ལྷོ་རྒྱུད་རྒྱལ་ཁབ་བར་གྱི་མཉམ་ལས་དང་། རྒྱལ་སྤྱིའི་ངོས་ནས་ཨ་ཧྥེ་རི་ཁ་དང་མཉམ་ལས་བྱེད་པའི་ཁྲོད་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད། ཨ་ཧྥེ་རི་ཁ་ནི་རེ་བས་བརྟས་པའི་ས་ཆ་ཞིག་ཡིན། གནས་བབ་གསར་པའི་འོག་ཏུ། ཀྲུང་གོ་དང་ཨ་ཧྥེ་རི་ཁས་སྔོན་ཆད་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་ལྷག་པའི་སྒོ་ནས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ་དང་མཉམ་དུ་དཀའ་ངལ་ཁྱད་སེལ་བྱ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་གྱི་མཛའ་མཐུན་དར་སྤེལ་དང་འཐབ་ཇུས་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་སྟེ། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཨ་ཧྥེ་རི་ཁ་ཕྱོགས་ལ་གོ་སྐབས་གསར་པ་མཁོ་འདོན་བྱེད་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་དང་དོན་གནས་ཡོང་བར་སྐུལ་འདེད་གཏོང་བ། གྲུབ་འབྲས་གསར་པ་སྔར་ལས་གང་མང་ཐོབ་རྒྱུར་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་མཐུན་ཚོགས་པ་སྔར་ལས་དམ་པོ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད་ཅེས་གསུངས།
དབྱི་ས་ཡ་ཟི་ཡིས་ཨེ་ལི་ཐེ་ལི་ཡའི་མི་དམངས་ཀྱིས་ཀྲུང་གོ་མི་དམངས་ཀྱིས་ཨེ་ལི་ཐེ་ལི་ཡའི་རྒྱལ་ཁབ་ཀྱི་རང་བཙན་དང་བཅིངས་འགྲོལ་ཐད་རྒྱབ་སྐྱོར་གང་ལེགས་བྱས་པ་དུས་ནམ་ཡང་བརྗེད་མི་སྲིད། མིག་སྔའི་རྒྱལ་སྤྱིའི་སྒྲིག་སྲོལ་འདི་ཉིད་གནད་འགག་གི་དུས་སྐབས་སུ་གནས་ཡོད་ཅིང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་སྔར་བཞིན་བཙན་དབང་རིང་ལུགས་དང་འདྲ་མཉམ་དྲང་བདེན་མིན་པའི་སྣང་ཚུལ་གང་སར་གནས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོས་མིའི་རིགས་ཀྱི་འཕེལ་རྒྱས་ཡར་ཐོན་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་ལེགས་སྐྱེས་སྔར་ལས་ཆེན་པོ་འབུལ་རྒྱུར་རེ་ལྟོས་དང་ཡིད་ཆེས་བྱེད་ཀྱིན་ཡོད། ཨེ་ལི་ཐེ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བས་རྒྱལ་ཁབ་གཉིས་ཀའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་རོགས་རམ་གང་ལེགས་བྱེད་ཐུབ་པར་ཡིད་ཆེས་ཡོད་ཅེས་བསྟན།
གྲོས་མོལ་མ་བྱས་པའི་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱིའི་ཐང་ཆེན་དུ་དབྱི་ས་ཡ་ཟིར་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།
ཉིན་དེའི་དགོང་མོར་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ་དབྱི་ས་ཡ་ཟིར་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས།
ཝང་དབྱི་དང་ཆིན་ཀང་སོགས་གོང་གསལ་བྱེད་སྒོར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།