ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཨེ་ལི་ཐེ་ལི་ཡའི་ཙུང་ཐུང་དབྱི་ས་ཡ་ཟིར་མཇལ་འཕྲད་གནང་།
ལིས་ཆང་གིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་འཁོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀའི་བར་གྱི་ཆབ་སྲིད་ཀྱི་ཡིད་ཆེས་དང་མཉམ་ལས་ཉིན་བཞིན་ཇེ་བརྟན་དུ་འགྲོ་བཞིན་ཡོད། ན་ནིང་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གིས་ཀྲུང་གོ་དང་ཨེ་ལི་ཐེ་ལི་ཡའི་འབྲེལ་བ་དེ་འཐབ་ཇུས་རོགས་རེས་འབྲེལ་བར་རིམ་སྤོར་བྱ་རྒྱུ་ཐག་བཅད་པ་དེས། རྒྱལ་ཁབ་གཉིས་ཀས་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན། ཀྲུང་གོས་ཨེ་ལི་ཐེ་ལི་ཡ་དང་མཉམ་དུ་ཕྱོགས་གཉིས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བའི་ནང་སྙིང་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་མཉམ་ལས་ཀྱི་འཐབ་ཇུས་རང་བཞིན་དང་རྒྱུན་མཐུད་རང་བཞིན་སྔར་ལས་ཆེ་རུ་བཏང་ནས། གཉིས་ཕན་འཕེལ་རྒྱས་མངོན་འགྱུར་བྱེད་འདོད་ཡོད་ཅེས་གསུངས།
ལིས་ཆང་གིས་ཕྱོགས་གཉིས་ཀས་རང་སོ་སོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་གཏིང་ཟབ་ཏུ་སྤེལ་ནས། ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་བ་དང་དེ་བཞིན་བཟོ་ལས་གླིང་ཁུལ་འཛུགས་སྐྲུན་དང་གཙོ་གནད་ལས་རིགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་ཐད་ནས་བརྗེ་རེས་ལ་ཤུགས་སྣོན་དགོས། རྨང་གཞིའི་སྒྲིག་ཆས་དང་རྒྱ་མཚོའི་ཉ་ལས། ཆུའི་ཐོན་ཁུངས། ནུས་ཁུངས་གསར་འབྱེད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། གཞི་གྲངས་དཔལ་འབྱོར་དང་ལྗང་མདོག་དཔལ་འབྱོར། ལྗང་མདོག་དཔལ་འབྱོར་སོགས་མཉམ་ལས་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་དགོས། ཀྲུང་གོས་ཨེ་ལི་ཐེ་ལི་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པས་འདང་ཚོད་ཀྱིས་རོགས་རམ་བྱ་རྒྱུ་ཡིན། ཕྱོགས་གཉིས་ཀས་ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་གཞོགས་འདེགས་སྔར་ལས་དམ་ཟབ་བྱས་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི“བཟོ་སྐྲུན་དགུ”དང“གླིང་ཆེན་ཨ་ཧྥེ་རི་ཁའི་བར་གྱི་ཞི་བདེ་འཕེལ་རྒྱས་ཀྱི་བསམ་འཆར”དོན་འཁྱོལ་བྱེད་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས་བྱེད་པ། དབང་ཆར་བརྟེན་ནས་བཙན་བཟུང་བྱེད་མཁན་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། ཀྲུང་གོ་དང་ཨེ་ལི་ཐི་ལི་ཡའི་བར་དང་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ། འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་ཅས་བྱེད་དགོས་ཞེས་གསུངས།
དབྱི་ས་ཡ་ཟི་ཡིས་ཀྲུང་གོ་ཕྱོགས་ཀྱིས་ཨེ་ལི་ཐེ་ལི་ཡའི་རང་བཙན་དང་འཕེལ་རྒྱས་ཀྱི་ཆེད་དུ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོབ་དང་མིའི་རིགས་ཀྱི་དེང་རབས་ཅན་གྱི་ལམ་བུ་གསར་པ་བསྐྲུན་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་བསྟོད་བསྔགས་ཆེན་པོ་བྱེད་ཀྱིན་ཡོད། ཨེ་ལི་ཐེ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཛའ་མཐུན་མཉམ་ལས་ལ་ཤུགས་སྣོན་པ་དང་། ཀྲུང་གོའི་ཉམས་མྱོང་དཔྱད་གཞིར་འཛིན་པ། ཨེ་ལི་ཐེ་ལི་ཡ་དང་ཀྲུང་གོའི་འཐབ་ཇུས་རོགས་རེས་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཛའ་མཐུན་གྱི་ལེའུ་གསར་པ་རྩོམ་པ། མཉམ་དུ་བཙན་དབང་རིང་ལུགས་ལ་ངོ་རྒོལ་བཅས་བྱས་ནས། སྔར་ལས་དྲང་གཞག་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་མཉམ་སྐྲུན་བྱེད་འདོད་ཡོད་ཅེས་བསྟན།
ཆིན་ཀང་སོགས་མཇལ་འཕྲད་ཁྲོད་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།