མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་གྲོས་ཚོགས་བསྡུས།
2023.05.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་གྲོས་ཚོགས་བསྡུས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མདོ་དབུས་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ལ་དམིགས་ནས་གཅིག་བསྡུས་སློབ་སྦྱོང་དང་བགྲོ་གླེང་བྱས།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མགོ་འཛིན་བྱས་པར་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་དུ་འགྲེང་ནས། སློབ་སྦྱོང་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱེད་པ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་དེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་ཐད་ཀྱི་ལམ་སྟོན་དུ་འགྱུར་བར་བྱེད་པ་དང་། རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་བཀོད་འདོམས་སུ་འགྱུར་བར་བྱེད་དགོས།

ཚོགས་ཐོག་ཏུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅའ་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་སྲིད་འཛིན་བཅའ་ཁྲིམས་ཁང་གི་ཀྲུའུ་རིན་གཞོན་པ་ལིའུ་ཧའེ་ཐོ་ཡིས་ཁ་བྱང་ལ་བཅའ་ཁྲིམས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མདོ་དབུས་མཐོ་སྒང་ལ་སྲུང་སྐྱོབ་བྱེད་པ་ཞེས་པའི་ཟུར་ཁྲིད་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུནན་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲུང་ཧོང་ཡོན། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙིག་ཅུན་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་གྲོས་ཚོགས་ལ་ཞུགས།

ཁྲིན་ཀང་གིས་བསྟན་དོན། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་གཏན་འབེབས་བྱེད་རྒྱུ་ནི། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་དམིགས་བསལ་གནད་དོན་ཐག་གཅོད་པའི་བྱེད་ཐབས་ཡིན་ལ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་ལ་བཀོད་སྒྲིག་བྱེད་པ་དང་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་བྱེད་པ། སྐྱེ་ཁམས་ཀྱི་ཉེན་ཁ་འགོག་སྡོམ་བྱེད་པའི་ཐད་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱས་པ་དང་། དེར་རྡོ་རིང་རང་བཞིན་གྱི་དོན་སྙིང་ལྡན། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་གཏོང་ན། བཅའ་ཁྲིམས་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ལ་ཧ་ཅང་མཐོང་ཆེན་གནང་བ་དང་དངོས་སུ་སྐུལ་འདེད་བཏང་བའི་མཇུག་འབྲས་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་མངགས་བཅོལ་འདུས་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་རྒྱལ་དོན་ཆེན་པོ་ཡིན་པའི་བླང་བྱ་གལ་ཆེན་ཡིད་ལ་དམ་པོར་འཛིན་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་དང་ལོ་རྒྱུས་ཀྱི་འགན་འཁྲིའི་འདུ་ཤེས་རྒྱུན་མ་ཆད་པར་ཇེ་དྲག་ཏུ་བཏང་སྟེ། ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ལག་ལེན་ཁྲོད་མཛེས་སྡུག་གི་མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་མདུན་དུ་ལྷགས་པའི་འགལ་རྩོད་གཙོ་བོ་དང་དམིགས་བསལ་གནད་དོན། འབུར་ཐོན་ཁྱད་ཆོས་གཙིགས་སུ་འཛིན་པ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ཀྱིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་གཅིག་འདོམས་བྱས་ནས། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས་དང་བྱེ་དར་གྱི་ཕྱོགས་བསྡུས་བཅོས་སྐྱོང་དང་མ་ལག་བཅོས་སྐྱོང་། མགོ་ཁུངས་བཅོས་སྐྱོང་དང་གཞི་གཅིག་ཅན་གྱི་སྲུང་སྐྱོབ་སླར་གསོ་ལ་གཅིག་འདོམས་བྱེད་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་དང་འགལ་བའི་སྤྱོད་ཚུལ་ཡོད་ཚད་ལ་འཐབ་རྩོད་བྱེད་པ། ཁྲིམས་འཛིན་གཟབ་ནན་མི་བྱེད་པ་དང་ལྟ་སྐུལ་བྱེད་ཤུགས་མི་འདང་བ། འབད་འཐབ་མི་བྱེད་པའི་སྣང་ཚུལ་ཡོད་ཚད་ལ་འཐབ་རྩོད་བྱེད་དགོས། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཆ་སྡེབས་བྱེད་པ་དང་། འཛུགས་བཅོས་འདོར་གཏོང་གི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་སྟེ། རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་དགོས།

ཁྲིན་ཀང་གིས། སློབ་སྦྱོང་དང་དྲིལ་སྒྲོག་ཟབ་མོ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ད་ལྟ་སྤེལ་བཞིན་པའི་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱེད་པ། བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་སློབ་གསོ་ཡོངས་སུ་ཁེབས་པར་བྱེད་པ། ཚད་ཆེས་ཆེ་བའི་སྒོ་ནས་དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་མཐོར་འདེགས་སུ་གཏོང་བ། ཚད་ཆེས་ཆེ་བའི་སྒོ་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་མཉམ་ཤུགས་གཅིག་ཏུ་བསྡུས་ནས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་བཅའ་ཁྲིམས་དེའི་སྲུང་སྐྱོབ་པ་དང་ལག་བསྟར་བ། ཁེ་བཟང་རག་མཁན་དུ་འགྱུར་བར་བྱེད་དགོས།

མཚོ་སྔོན་ཞིང་ཆེན་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ། མཐོ་རིམ་སློབ་གླིང་། ཟི་ལིང་དུ་ཡོད་པའི་ཞིང་ཆེན་ཁོངས་གཏོགས་ཀྱི་ཁེ་ལས། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས་ཀྱི་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ་བཅས་གྲོས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།