ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་ཞིང་ཆེན་ཁྲིམས་ཁང་དང་ཞིང་ཆེན་ཞིབ་དཔྱོད་ཁང་དུ་སོང་ནས་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་དགོས་ལ། ནམ་ཡང་ཏང་གིས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་ལ་མགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྩ་ཁྲིམས་དང་ཁྲིམས་ལུགས་ཀྱིས་བསྩལ་བའི་ལས་སྒྲུབ་འགན་འཁྲི་ལག་བསྟར་བྱེད་པ། མི་དམངས་མང་ཚོགས་ཀྱིས་དྲང་གཞག་དྲང་བདེན་ཚོར་བར་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱེད་དགོས།
ཁྲིན་ཀང་ཞིང་ཆེན་ཁྲིམས་ཁང་དུ་ཡོང་ནས་ཞུ་གཏུག་ཞབས་ཞུའི་ལྟེ་གནས་དང་ཁྲིམས་ལུགས་རོགས་སྐྱོར་བྱ་བའི་ས་ཚིགས། གྲངས་འཛིན་འདྲི་གཅོད་ཁང་། ལག་བསྟར་བཀོད་འདོམས་ལྟེ་གནས་སོགས་སུ་སོང་ནས་གྱོད་གཞི་སྒྲུབ་པ་དང་སྤྱི་ཕན་ཁྲིམས་ལུགས་འདྲི་བརྩད། ཁྲིམས་ལུགས་ཆ་འཕྲིན་ཅན་འཛུགས་སྐྲུན། རྒྱང་བསྟེན་བཀོད་འདོམས་ཀྱིས་ལག་བསྟར་དཀའ་གནད་ཐག་གཅོད་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། སྤོ་འགུལ་རང་བཞིན་གྱི་ཁྲིམས་ཁང་ཆུང་ངུ་སོགས་ཀྱི་བྱ་བ་སྒྲུབ་སྟངས་ལ་ཁས་ལེན་གང་ལེགས་བྱས་ལ། མི་དམངས་དཀྱིལ་སྙིང་དུ་བྱས་པའི་འཕེལ་རྒྱས་བསམ་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ་དང་དྲང་གཞག་ངང་ཁྲིམས་འཛིན་བྱས་ནས་དམངས་ལ་ཕན་པའི་ཁྲིམས་འཛིན་བྱེད་ཐབས་འཚོལ་ཞིབ་བྱས་ནས་ཞུ་གཏུག་ཞབས་ཞུ་མཐའ་འཁྱོལ་བར་བྱེད་དགོས།
ཞིང་ཆེན་ཞིབ་དཔྱོད་ཁང་དུ་ཁྲིན་ཀང་གིས་གཅིག་གཉིས་གསུམ་ཐིག་དགུ་ཞིབ་བཤེར་ཞབས་ཞུ་ལྟེ་གནས་དང་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་། གྱོད་དཔེ་དོ་དམ་ལྟེ་གནས་ཀྱི་ལས་བཟོ་བ་དང་བརྗེ་རེས་གཏིང་ཟབ་བྱས་པ་དང་། སྤྱི་ཕན་ཞུ་གཏུག་སོགས་ཀྱི་གནས་ཚུལ་ལ་འདྲི་བརྩད་ནན་མོ་བྱས་པ་དང་རྒྱང་བསྟེན་བརྙན་རིས་དངོས་བཅར་དང་ལེན་ཁང་གི་ཡུལ་དངོས་ནས་གཞི་རིམ་གྱི་ཞིབ་བཤེར་ལས་བྱེད་པར་སྐུད་སྣེ་སྦྲེལ། མང་ཚོགས་ཀྱི་འཕྲིན་བཅར་རེ་རེར་ཨ་ལན་ཡོད་པ་དང་ནག་ཚོགས་དང་འབྲེལ་བའི་རིགས་ཀྱི་གྱོད་གཞི་བརྟག་ཞིབ་སོགས་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། འགན་སྒྲུབ་ནུས་པ་ཧུར་ཐག་གིས་འདོན་པ་དང་བྱ་བའི་བྱེད་ཐབས་ཞིབ་ཕྲ་བཟོ་བ། མང་ཚོགས་ཀྱི་རེ་ལྟོས་ལ་ཨ་ལན་ཡག་པོ་བྱིན་ནས་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།
ཞིང་ཆེན་ཁྲིམས་ཁང་དང་ཞིང་ཆེན་ཞིབ་དཔྱོད་ཁང་གིས་བྱ་བ་ཡར་ཞུ་བྱས་པར་ཉན་རྗེས། ཁྲིན་ཀང་གིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་ལས་ཁུངས་དང་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་སྐྱོང་མཚོ་སྔོན་དང་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པར་དམ་དུ་དམིགས་ནས་ཁྲིམས་ལྟར་འགན་སྒྲུབ་བྱེད་པའི་ནུས་པ་མུ་མཐུད་མཐོར་འདེགས་གཏོང་དགོས་ལ། བློ་བརྟན་འགྱུར་མེད་ངང་དྲང་གཞག་དྲང་བདེན་གྱི་སྲུང་སྐྱོབ་པ་བྱེད་པ། ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོང་དང་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ། མི་དམངས་ཀྱི་ཞི་མཐུན་ལ་འགན་སྲུང་བྱེད་པ། དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་གལ་ཆེན་འཇོག་དགོས། ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ཆབ་སྲིད་ལངས་གནས་མཐོར་འདེགས་བཏང་སྟེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཚད་གཞིར་བཟུང་ནས་བློ་བརྟན་འགྱུར་མེད་ངང་གཏན་ཕབ་གཉིས་ལ་གོང་བཀུར་དང་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དེ་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་བྱ་བའི་ཕྱོགས་སོ་སོ་དང་གོ་རིམ་ཧྲིལ་བོར་ཁྱབ་པར་བྱེད་དགོས།
སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱེད་པ། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་གཅིག་ཅན་བཅུ་ཡི་བྱ་བའི་བླང་བྱ་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དེ་སྔར་ལས་འབུར་དུ་ཐོན་པའི་གནས་སུ་བཞག་ནས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་ནན་མོ་བྱས་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གྱོད་གཞི་སྒྲུབ་པའི་སྤུས་ཚད་མཐོར་འདེགས་བཏང་ནས་ནམ་ཡང་ཁྲིམས་མཐུན་ལུགས་མཐུན་ངང་བྱ་བ་སྒྲུབ་པའི་རྒྱུན་བསྐྱངས་ཏེ། ནུས་ཤུགས་ཡོད་རྒུས་དྲང་གཞག་དྲང་བདེན་གྱི་ཁྲིམས་སྐྱོང་ཁོར་ཡུག་བསྐྲུན་དགོས། རུ་དཔུང་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ནས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས་སྲིད་ཁྲིམས་རུ་དཔུང་གི་སློབ་གསོ་དག་ཐེར་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་མུ་མཐུད་དུ་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་ཧྲག་དམག་སྟོབས་ལྡན་གསོ་སྐྱོང་བྱེད་དགོས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱང་ཧྥ་སིན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་གྱིས་རྟོག་ཞིབ་བྱེད་རོགས་བྱས་པ་དང་། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙིག་ཅུན་དང་ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཀྲ་ཆིན་ཅིག་གཉིས་སོ་སོར་དེའི་རྟོག་ཞིབ་ཁྲོད་ཞུགས།
མི་ཕམ་མགོན་པོས་བསྒྱུར།