ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། རྒྱལ་ཡོངས་སྤྱིའི་བཟོ་ཚོགས་དེ་ཏང་གིས་ལས་བཟོ་བ་དང་མང་ཚོགས་ལ་འབྲེལ་བ་བྱེད་པའི་འབྲེལ་ཟམ་དང་འབྲེལ་ཐག་ལྟ་བུ་ཡིན་པའི་ཆ་ནས། རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱིས་སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱ་ཆེའི་ལས་བཟོ་བ“དཀའ་ངལ་དང་ཉེན་ཁར་འཕྲད་སྐབས་རེ་ལྟོས་བྱེད་པའི”གནད་དོན་ལ་དམ་པོར་དམིགས་ནས་བརྟག་དཔྱད་ཞིབ་འཇུག་གང་ལེགས་བྱས་ཏེ། རྒྱ་ཆེའི་ལས་བཟོ་བར་མཐུན་སྒྲིལ་དང་སྐུལ་སློང་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་འཇོག་པར་འབད་ཀྱིན་ཡོད།
རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཏང་ཙུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་རྩ་བའི་གཞི་འཛིན་སར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ནས། བཟོ་ཚོགས་ཀྱི་ཁྱད་ཆོས་ལ་དམ་དུ་དམིགས་ནས། 《ཞི་ཅིན་ཕིང་གི་བཟོ་པ་གྲལ་རིམ་དང་བཟོ་ཚོགས་ལས་དོན་སྐོར་གྱི་རྒྱས་བཤད་གནད་བསྡུས》སོགས་སློབ་སྦྱོང་དཔྱད་ཡིག་ཆེད་དུ་རྩོམ་སྒྲིག་བྱས་ནས་པར་དུ་བསྐྲུན་ཏེ། རྒྱལ་ཡོངས་སྤྱིའི་བཟོ་ཚོགས་དང་བཟོ་ཚོགས་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་ལས་བཟོ་བའི་སློབ་སྦྱོང་ལ་རྩ་འཛུགས་གང་ལེགས་བྱས། དུས་མཚུངས་སུ། བརྟག་དཔྱད་ཞིབ་འཇུག་དམ་འཛིན་བྱ་ཡུལ་དུ་བརྩིས་ནས། རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱིས《བཟོ་ཚོགས་སུ་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱེད་པའི་སྐོར་གྱི་ཞིབ་ཕྲའི་བྱེད་ཐབས》པར་སྐྲུན་འགྲེམས་སྤེལ་བྱས་པ་དང་། ཕྱོགས་མང་པོའི་ལས་དོན་ཚན་ཆུང་གཞི་རིམ་དུ་མངགས་ནས། དུས་ཡུན་ཟླ་གསུམ་གྱི་རིང་ལ་བརྟག་དཔྱད་ཞིབ་འཇུག་བྱེད་དུ་བཅུག
གོམ་སྟབས་རྗེས་མར་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོར་དམ་དུ་དམིགས་ཏེ། གཞུང་ལུགས་སློབ་སྦྱོང་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། བཟོ་ཚོགས་ལས་དོན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་འཇུག་གནས་དང་འབྲེལ་གནས། ཤུགས་རྒྱག་ས་བཅས་ནོར་བ་མེད་པར་བཙལ་ཏེ། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་བཟོ་ཚོགས་ཀྱི་བྱས་རྗེས་གསར་པ་མངོན་གང་ཐུབ་བྱ་རྒྱུ་རེད།
བན་དེ་སྐྱབས་ཀྱིས་བསྒྱུར།