ལིས་ཆང་གིས་སིང་ག་ཕོར་གྱི་ཙུང་ལི་གཞོན་པ་དང་ནོར་སྲིད་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་མཁན་ཧོང་ཞོན་ཚའེ་ལ་མཇལ་འཕྲད་གནང་།
2023.05.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་ལྔ་པའི་ཚེས་བཅུ་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་འཚམས་འདྲིར་ཡོང་བའི་སིང་ག་ཕོར་གྱི་ཙུང་ལི་གཞོན་པ་དང་ནོར་སྲིད་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་མཁན་ཧོང་ཞོན་ཚའེ་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཞན་ལུང་རྣམ་གཉིས་ཀྱིས་མཉམ་དུ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་དེ་ཁྱོན་ཡོངས་དང་སྤུས་ཚད་མཐོ་བའི་རྒྱང་ལྟའི་རང་བཞིན་གྱི་རོགས་རེས་འབྲེལ་བར་རིམ་སྤོར་བྱས་པ་དངོས་སུ་ཁྱབ་བསྒྲགས་བྱས་ནས། དུས་སྐབས་གསར་པའི་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་། ཀྲུང་གོ་ཕྱོགས་ཀྱིས་སིང་ག་ཕོར་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་ངེས་གནས་གསར་པ་དོན་འཁྱོལ་དང་གཡུར་ཟའི་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ལིས་ཆང་གིས་ད་ལོ་ནི་ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ཞེ་ལྔ་འཁོར་བའི་ལོ་ཡིན་པ་དང་། སིང་ག་ཕོར་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཁྲོད་འབད་པས་ཞུགས་ནས། ཀྲུང་གོའི་ཁེ་ཕན་དང་མཉམ་འདྲེས་དམ་ཟབ་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སིང་ག་ཕོར་ཕྱོགས་དང་མཉམ་དུ་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་ལོངས་སྤྱོད་བྱེད་འདོད་ཡོད་ཅིང་། སིང་ག་ཕོར་ཕྱོགས་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་འཕེལ་རིམ་ཁྲོད་མུ་མཐུད་གཏིང་ཟབ་ཏུ་ཞུགས་རྒྱུར་དགའ་བསུ་ཞུས་པ་ཡིན། ཀྲུང་གོ་དང་སིང་ག་ཕོར་གྱི་མཉམ་ལས་འབྲེལ་བ་སྔར་ལས་ཇེ་ཡག་ཏུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀས་ཀྲུང་གོ་དང་སིང་ག་ཕོར་གྱི་ཙུང་ལི་གཞོན་པ་རིམ་པའི་ཕྱོགས་གཉིས་ཀའི་མཉམ་ལས་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས། ཁྱབ་ཁོངས་ཁག་གི་སྤུས་ཚད་མཐོ་བའི་མཉམ་ལས་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ས་གནས་ཀྱི་མཉམ་ལས་ལམ་སྲོལ་དང་སྟེགས་བུ་བེད་སྤྱོད་ཡག་པོ་བྱས་ནས། སྐམ་མཚོ་བར་གྱི་བགྲོད་ལམ་གསར་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་། ས་ཁོངས་ཕན་ཚུན་སྦྲེལ་མཐུད་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ། ཐོན་ལས་ཕྲེང་འབྲེལ་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་དགོས། རང་རང་སོ་སོའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། དངུལ་རྩའི་ཞབས་ཞུ་དང་གཞི་གྲངས་དཔལ་འབྱོར། ནུས་ཁུངས་གསར་པ། གྲོང་ཁྱེར་ལྗང་མདོག་ཅན་དུ་སྒྱུར་བ། སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་གོ་དང་སིང་ག་ཕོར་ནི་དེང་རབས་ཅན་འཛུགས་སྐྲུན་གྱི་འཚོལ་ཞིབ་པ་ཡིན་པའི་ཆ་ནས། དེང་རབས་ཅན་འཛུགས་སྐྲུན་ལ་བརྟེན་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་ཐད་ནས་ཕན་ཚུན་དཔྱད་གཞིར་འཛིན་པ་དང་ཕན་ཚུན་སྐུལ་འདེད་གཏོང་བ་དང་གཉིས་ཕན་གཉིས་རྒྱལ་མངོན་འགྱུར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་སིང་ག་ཕོར་བར་གྱི་མི་སྣའི་འགྲོ་འོང་ལ་སྟབས་བདེ་བསྐྲུན་པའི་བྱེད་ཐབས་སྔར་ལས་གང་མང་འཚོལ་ཞིབ་བྱས་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་དུས་རྒྱུན་ཕར་འགྲོ་ཚུར་འོང་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཧོང་ཞོན་ཚའེ་ཡིས་སིང་ག་ཕོར་དང་ཀྲུང་གོའི་བར་མཉམ་ལས་དམ་ཟབ་དང་གྲུབ་འབྲས་གཡུར་དུ་ཟ་བ་ལྡན། སིང་ག་ཕོར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་ངེས་གནས་གསར་པ་ཁྲིད་སྟོན་དུ་བཟུང་ནས། སྤུས་ཚད་མཐོ་བའི་སྒོ་ནས་ཁྱོན་ཡོངས་ཀྱི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། སིང་ག་ཕོར་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ནས་མདུན་དུ་འཕེལ་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱི་དཔེ་མཚོན་བསྐྲུན་འདོད་ཡོད་ཅེས་བསྟན།

ཆིན་ཀང་སོགས་མཇལ་འཕྲད་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།