ཟླ་ལྔ་པའི་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞི་ཨན་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྩེ་ཚོགས་ལ་ཞུགས་པ་དང་རྒྱལ་དོན་འཚམས་འདྲི་བྱེད་དུ་ཡོང་བའི་ཧ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁ་ཡེ་ཧྥུའུ་དང་གྲོས་མོལ་མཛད།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧ་སག་སི་ཐན་ནི་ཕན་ཚུན་ཡིད་ཆེས་བྱེད་འོས་པའི་གྲོགས་པོ་བཟང་པོ་དང་སྤུན་ཟླ་བཟང་པོ། ཟླ་གྲོགས་བཟང་པོ་བཅས་ཡིན། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། ཧ་སག་སི་ཐན་གྱིས་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བཞིན་པའི“ཧ་སག་སི་ཐན་གསར་པ”འཛུགས་སྐྲུན་བྱེད་ཀྱིན་ཡོད། ཀྲུང་གོ་དང་ཧ་སག་སི་ཐན་གཉིས་ཀ་འཕེལ་རྒྱས་དང་དར་རྒྱས་ཀྱི་གནད་འགག་གི་དུས་སྐབས་སུ་སླེབས་ཡོད་ལ། ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བས“གསེར་ལས་དཀོན་པའི་ལོ་ངོ་སུམ་ཅུ”གསར་དུ་བསྐྲུན་ཡོད། ཕྱོགས་གཉིས་ཀས་སྲོལ་རྒྱུན་གྱི་མཛའ་མཐུན་དར་སྤེལ་གང་ལེགས་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་པ། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་དམ་ཟབ་བྱེད་པ། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། འཕེལ་རྒྱས་དང་དར་རྒྱས་དོན་གཉེར་བཅས་བྱས་ནས། མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་དང་ཚད་མཐོའི་ཡིད་ཆེས། སྐྱིད་སྡུག་མཉམ་མྱོང་བཅས་ཀྱི་རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་གྱི་དམིགས་ཡུལ་ནི། རྒྱལ་ཁབ་ཁག་གི་མིག་སྔའི་དགོས་མཁོ་དང་འབྱུང་འགྱུར་འཕེལ་རྒྱས་ལ་དམིགས་ནས་གཉིས་ཕན་མཉམ་ལས་ལ་ཤུགས་བསྣན་ཏེ། མཉམ་དུ་དར་རྒྱས་ཡོང་བར་རམ་འདེགས་བྱ་རྒྱུ་དེ་ཡིན། མི་འགྱངས་པར་འཚོགས་ལ་ཡོད་པའི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྩེ་ཚོགས་ལ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པས། དེས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་དུས་རབས་གསར་པར་འཕེལ་བ་ལ་སྐུལ་འདེད་གཏོང་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་དང་བཅས་པའི་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཁག་དང་ཇུས་ཤུགས་མཉམ་འདོན་དང་མཉམ་གྲོས་མཉམ་སྐྲུན་བྱས་ཏེ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་དེ་རྒྱལ་ཁབ་དྲུག་པོའི་མཉམ་ལས་གཏིང་ཟབ་ལ་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཏུ་བསྐྲུན་འདོད་ཡོད་ཅེས་གསུངས།
ཐའོ་ཁ་ཡེ་ཧྥུའུ་ཡིས་ཁོ་རང་ཞི་ཨན་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྩེ་ཚོགས་ལ་ཞུགས་པ་དང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་པར་གདན་དྲངས་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། མིག་སྔའི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་འོག་ཏུ། ཀྲུའུ་ཞི་ཞི་ཅིན་ཕིང་གི་འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་མགོ་དང་འཛམ་གླིང་ཧྲིལ་པོའི་བདེ་འཇགས་གྲོས་མགོ། འཛམ་གླིང་ཧྲིལ་པོའི་དཔལ་ཡོན་གྲོས་མགོ་བཅས་བཏོན་པར་དོན་སྙིང་གལ་ཆེན་ལྡན། ཧ་སག་སི་ཐན་ཕྱོགས་ཀྱིས་གྲོས་མགོ་དེ་དག་ལ་ཧུར་ཐག་གིས་རྒྱབ་སྐྱོར་བྱས་ནས། དེའི་ཐད་ནས་ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་ལེགས་པར་སྤྱད་དེ། ས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་། འཕེལ་རྒྱས་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
གྲོས་མོལ་ཚར་རྗེས་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》བཀོད་པ་དང་། དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས། འགྲིམ་འགྲུལ། ཞིང་ལས། ཕན་ཚུན་འབྲེལ་མཐུད། མི་ཆོས་རིག་གནས། ས་གནས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀའི་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་མཉམ་དུ་བདེན་དཔང་གནང་།
ཚའེ་ཆི་དང་ཝང་དབྱི། ཆིན་ཀང་སོགས་གོང་གསལ་བྱེད་སྒོར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།