མཚོ་སྔོན་ཞིང་ཆེན་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་བྱེད་པ་དང་གྲོང་གསེབ་དར་སྤེལ་གཉིས་སྦྲེལ་མཐུད་བྱེད་པའི་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས།
2023.05.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་ལྔ་པའི་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དང་གྲོང་གསེབ་དར་སྤེལ་གཉིས་འབྲེལ་མཐུད་བྱེད་པའི་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས་ནས། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི2022ལོའི་ཕན་ཡོད་སྦྲེལ་མཐུད་དཔྱད་ཞིབ་དཔྱད་འཇོག་ཐད་ནས་རྙེད་པའི་གནད་དོན་ཁྱབ་བསྒྲགས་བྱས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཕན་ཡོད་སྦྲེལ་མཐུད་ཀྱི་གྲུབ་འབྲས་དཔྱད་ཞིབ་དཔྱད་འཇོག་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་སྐོར་གྱི་བཀོད་སྒྲིག་རེ་བ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ངོས་འཛིན་ཇེ་མཐོར་གཏོང་བ་དང་འགན་འཁྲི་ཕྲག་ཏུ་ལེན་པ། རྣམ་པ་བསྒྱུར་བ་བཅས་བྱས་ཏེ། ཤུགས་དང་ཕན་པ་ལྡན་པའི་སྒོ་ནས་གནད་དོན་དག་ཐེར་ལེགས་བཅོས་བྱེད་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད།

ཁྲིན་ཀང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་བྱེད་པ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པའི་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས། གནས་བབ་གསར་བའི་འོག་ཕན་ཡོད་སྦྲེལ་མཐུད་བྱ་བ་དམ་འཛིན་བྱེད་པའི་ཐད་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། ཞིང་ཆེན་གོང་འོག་ཡོངས་ཀྱིས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པ། རླབས་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་སྙིང་སྟོབས་དར་སྤེལ་གཏོང་བ། གནད་དོན་ལ་ཕྱོགས་ཡོངས་ནས་བརྟག་བཤེར་དབྱེ་ཞིབ་བྱེད་པ། དག་ཐེར་ལེགས་བཅོས་བྱ་བ་ཕྱོགས་ཡོངས་ནས་སྤེལ་བ། དག་ཐེར་ལེགས་བཅོས་ཀྱི་འགན་འཁྲི་ཕྱོགས་ཡོངས་ནས་གཏན་ཁེལ་གསལ་བོ་བྱེད་པ། དག་ཐེར་ལེགས་བཅོས་ཀྱི་ཕན་འབྲས་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་སྟེ། བྱ་སྤྱོད་དངོས་ཀྱི་སྟེང་ནས་ཏང་ཀྲུང་དབྱང་ལ་ཚད་ལྡན་གྱི་རྒྱུགས་ལན་སྤྲོད་དགོས།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དཔྱད་ཞིབ་དཔྱད་འཇོག་ཐད་ནས་རྙེད་པའི་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་ན། ཐོག་མར་བསམ་བློ་ངོས་ཟིན་ཕྱོགས་ནས་བར་ཁྱད་འཚོལ་བ་དང་། སྤྱོད་ཚུལ་དག་ཐེར་ནས་མགོ་བཟུང་སྟེ་གནད་དོན་དག་ཐེར་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་བ། ཁུར་བོ་བསྐྱུར་བ་དང་རྣམ་འགྱུར་ཇེ་དྲང་དུ་གཏོང་བ། སྔར་ལས་འབད་འཐབ་བྱེད་པ་དང་རྗེས་སྙེག་པ་བཅས་བྱས་ནས། སྟོབས་ཤུགས་ཡོད་རྒུས་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བ་ཡོངས་འགྲུབ་བྱེད་དགོས། ཇུས་གཞི་གཅིག་དང་གསལ་ཁྲ་གཅིག དམ་བཅའ་ཡི་གེ་གཅིག་གི་རེ་བ་ལྟར། དག་ཐེར་ལེགས་བཅོས་ཀྱི་ཇུས་གཞི་གཏན་འབེབས་བྱེད་པ་དང་། རེ་རེ་བཞིན་གནད་དོན་གྱི་གསལ་ཁྲ་བཟོ་བ། རེ་རེ་བཞིན་དབྱེ་ཞིབ་བྱེད་པ་དང་དག་ཐེར་ལེགས་བཅོས་བྱེད་དགོས། འགན་འཁྲི་ཕྲག་ཏུ་ལེན་པ་དང་དམ་བཅའ་ལེགས་འགྲུབ་བྱེད་པ། རིམ་པ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་སྤེལ་དམ་འཛིན་བྱེད་པའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། ཚད་ཆེས་ཆེ་བའི་སྒོ་ནས་དག་ཐེར་ལེགས་བཅོས་ཀྱི་ཕྱོགས་བསྡུས་ཕན་འབྲས་འདོན་སྤེལ་བྱས་ནས། བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་མངོན་གསལ་ལེན་པར་སྐུལ་འདེད་གཏོང་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། རྒྱ་ཆེའི་ལས་བྱེད་པས་གནད་དོན་ལ་དམིགས་ནས་བྱ་བ་སྒྲུབ་པར་སྐུལ་འདེད་གཏོང་བ། དམིགས་འབེན་གཙོར་བཟུང་ནས་བྱ་བ་བསྒྲུབ་པ་དང་ཕན་འབྲས་བརྩོན་ལེན་བྱེད་པ། ལེགས་བཅོས་ཀྱིས་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་ལེགས་བཅོས་ལ་བརྟེན་ནས་སྤྱོད་ངན་ཡོ་བསྲང་བྱེད་པ། སྟོབས་ཤུགས་ཡོད་རྒུས་རང་ཞིང་གི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་བྱེད་པ་དང་གྲོང་གསེབ་དར་སྤེལ་གཉིས་སྦྲེལ་མཐུད་བྱེད་པར་སྐུལ་འདེད་བཏང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་རྨང་གཞི་བརྟན་པོ་འདིང་དགོས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ངེས་པར་དུ་གཟབ་ནན་དངོས་གཉེར་སྒོས་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ་དམ་འཛིན་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་བྱེད་པ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་དགོས། ཡོང་སྒོ་འཕར་སྣོན་བྱེད་རྒྱུར་དམིགས་ནས་དག་ཐེར་ལེགས་བཅོས་དམ་འཛིན་བྱེད་པ་དང་། ཐོན་ལས་ཡོང་འཕར་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། དབུལ་ཐར་མང་ཚོགས་ཀྱིས་ལས་ཞུགས་བྱེད་པར་སྐུལ་འདེད་གཏོང་བ། བྱ་བའི་བཀོད་གཏོང་ལ་ཤུགས་བསྣན་ནས། ཐབས་བརྒྱ་ཇུས་སྟོང་གིས་རོང་འབྲོག་མང་ཚོགས་དང་དབུལ་ཐར་མང་ཚོགས་ཀྱི་ཟླ་ཕོགས་རང་བཞིན་དང་ཚོང་གཉེར་རང་བཞིན། སྤོ་སྒྱུར་རང་བཞིན་དང་རྒྱུ་ནོར་རང་བཞིན་གྱི་ཡོང་སྒོ་ཇེ་མང་དུ་གཏོང་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་རྨང་གཞི་ཇེ་བརྟན་དུ་བཏང་ནས་དག་ཐེར་ལེགས་བཅོས་དམ་འཛིན་བྱེད་པ་དང་། ལྟ་ཞིབ་རོགས་སྐྱོར་རྐྱེན་སྲོལ་ལག་བསྟར་བྱེད་པ། འགན་སྲུང་གསུམ་དང་བཏུང་ཆུའི་བདེ་འཇགས་ཆུ་ཚད་རྒྱུན་མ་ཆད་པར་སྲ་བརྟན་དང་མཐོར་འདེགས་བཏང་སྟེ། སྲིད་ཇུས་དང་བྱ་བའི་རྒྱུན་མཐུད་རང་བཞིན་དང་བརྟན་འཇགས་རང་བཞིན་སྲུང་འཛིན་བྱེད་དགོས། ཞན་ཆ་ཁ་གསབ་བྱེད་པ་འབུར་དུ་ཐོན་པར་བྱས་ནས་དག་ཐེར་ལེགས་བཅོས་དམ་འཛིན་བྱེད་པ་དང་། ལས་གཞིའི་མ་དངུལ་དོ་དམ་དང་བཀོལ་སྤྱོད་བཟང་བོ་བྱེད་པ། གྲོང་གསེབ་ཀྱི་ཐོན་ལས་སྐྱེད་སྲིང་བྱེད་པ། ཡུལ་གཞན་ལས་ཞུགས་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། གྲོང་གསེབ་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དགོས། སྤྱོད་ཚུལ་ལེགས་སྒྱུར་བྱེད་པར་ཤུགས་བསྣན་ནས་དག་ཐེར་ལེགས་བཅོས་དམ་འཛིན་བྱེད་པ་དང་། དཔེ་གཞིས་ལེགས་བཅོས་ལ་སྐུལ་བའི་ཆེད་དོན་སློབ་གསོ་བཅོས་སྐྱོང་ལ་ཟུང་འབྲེལ་བྱེད་པ། སྤྱོད་ཚུལ་ལེགས་སྒྱུར་བྱེད་རྒྱུ་དེ་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་མགོ་མཇུག་ཏུ་ཁྱབ་པར་བྱེད་པ་དང་གྲོང་གསེབ་དར་སྤེལ་གྱི་བྱ་བ་སྣ་ཚོགས་ཁྲོད་འདྲེས་པར་བྱས་ཏེ། གཟབ་ནན་དང་གཏིང་ཟབ། ལེགས་ཞིབ། དངོས་གཉེར་གྱི་སྤྱོད་ཚུལ་གྲུབ་པར་བྱེད་དགོས། འགན་འཁྲི་ལག་བསྟར་བྱེད་པར་དམིགས་ནས་དག་ཐེར་ལེགས་བཅོས་དམ་འཛིན་བྱེད་པ་དང་། ཞིང་ཆེན་གྱི་སྤྱི་འགན་ཁུར་བ་དང་། གྲོང་ཁྱེར་དང་རྫོང་། ཡུལ་ཚོས་ལག་བསྟར་དམ་འཛིན་བྱེད་པའི་རྐྱེན་སྲོལ་ལག་བསྟར་ནན་མོ་བྱེད་པ། དག་ཐེར་ལེགས་བཅོས་ཀྱི་འགན་འཁྲི་དང་གྲོང་གསེབ་དར་སྤེལ་གྱི་འགན་འཁྲི་ལམ་ལུགས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ། ཞིང་ཆེན་གོང་འོག་ཡོངས་ཀྱི་སེམས་ཤུགས་གཅིག་བསྒྲིལ་དང་བདེན་འཛིན་དངོས་གཉེར་བྱས་ནས། རྣམ་པ་སྒྱུར་བའི་བྱ་བ་བཟང་བོར་བསྒྲུབ་དགོས།

ཞིང་ཆེན་གྱི་མགོ་ཁྲིད་ཝང་ཝེ་ཏུང་དང་ཝང་དབྱང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། ཝུའུ་ལ་ཙི་པེ་ཁི.རེ་སུའུ་ལིས་ཧྭན། ཀྲུའུ་ཞང་ཧྥིན། ལོས་ཀང་བཅས་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་། གྲོང་ཁྱེར་དང་རྫོང་སོགས་སུ་ཡན་ལག་ཚོགས་ར་བཙུགས་ཡོད།

རིན་ཆེན་མཚོས་བསྒྱུར།