ཞི་ཅིན་ཕིང་གིས་ཀྲུང་གོའི་ཉ་འཛིན་གྲུ་གཟིངས་ཤིག་ཧིན་རྡུ་རྒྱ་མཚོ་ཆེན་མོའི་དབུས་རྒྱུད་མཚོ་ཁོངས་སུ་ནུབ་པའི་ཐད་ནས་མཛུབ་སྟོན་གལ་ཆེན་གནང་།
ཟླ་ལྔ་པའི་ཚེས་བཅུ་དྲུག་ཉིན་གྱི་ཐོ་རེངས་ཀྱི་དུས་ཚོད་གསུམ་ཙམ་གྱི་སྟེང་དུ། ཕིན་ལའེ་ཅིན་ལུའུ་ཉ་ལས་ཚད་ཡོད་ཀུང་ཟིའི་ཁོངས་གཏོགས་ཀྱི་ཀྲུང་གོའི་ཉ་འཛིན་གྲུ་གཟིངས་ལུའུ་ཕིན་ཡོན་ཡུས་རྟགས་ཅན་ཧིན་རྡུ་རྒྱ་མཚོ་ཆེན་མོའི་དབུས་རྒྱུད་མཚོ་ཁོངས་སུ་ནུབ་པའི་དོན་རྐྱེན་བྱུང་བ་དང་། གྲུ་གཟིངས་དེའི་སྟེང་གི་མི་སོ་དགུར་འབྲེལ་ལམ་ཆད་ཡོད་ཅིང་། དེའི་ཁྲོད་རྒྱལ་ཁོངས་ཀྲུང་གོ་ནས་ཡིན་པའི་གྲུ་པ་བཅུ་བདུན་དང་། རྒྱལ་ཁོངས་ཧིན་རྡུ་ཉི་ཞི་ཡ་ནས་ཡིན་པའི་མི་བཅུ་བདུན། རྒྱལ་ཁོངས་ཧྥི་ལི་ཕིན་ནས་ཡིན་པའི་མི་ལྔ་བཅས་ཡོད། མིག་སྔའི་བར་འབྲེལ་བ་ཆད་པའི་མི་སྣ་གསར་རྙེད་མ་བྱུང་བ་དང་། འཚོལ་སྐྱོབ་ལས་དོན་སྤེལ་བཞིན་ཡོད།
དོན་རྐྱེན་བྱུང་མ་ཐག་ཏུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དོན་རྐྱེན་དེའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས། ཞིང་ལས་དང་གྲོང་གསེབ་པུའུ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཧྲན་ཏུང་ཞིང་ཆེན་བཅས་ཀྱིས་མྱུར་མོར་འཕྲལ་སྡོམ་དང་ལེན་ལམ་སྲོལ་ལག་བསྟར་བྱས་ནས། གནས་ཚུལ་ལ་ཞིབ་དཔྱད་དང་རོགས་སྐྱོབ་སྟོབས་ཤུགས་སྣོན་པ། རྒྱལ་སྤྱིའི་མཚོ་སྟེང་འཚོལ་སྐྱོབ་རོགས་སྐྱོར་ལ་མཐུན་སྦྱོར་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་བྱེད་དགོས། ཕྱི་འབྲེལ་པུའུ་དང་ཕྱི་རྒྱལ་དུ་སྡོད་པའི་རང་རྒྱལ་གྱི་འབྲེལ་ཡོད་གཞུང་ཚབ་ཁང་གིས་ས་གནས་དེ་གའི་འབྲེལ་ཡོད་ཕྱོགས་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་བསྣན་ནས། འཚོལ་སྐྱོབ་ལས་དོན་མཐུན་སྦྱོར་ཡག་པོ་སྒྲུབ་དགོས། རྒྱ་མཚོའི་ལས་སྒྲུབ་ཀྱི་བདེ་འཇགས་ཐད་གནས་པའི་འགལ་རྐྱེན་རྩད་ཞིབ་དང་ཉེན་ཟོན་སྔོན་བརྡ་གཏོང་རྒྱུར་སྔར་ལས་ཤུགས་བསྣན་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱེད་དགོས་ཞེས་གསུངས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་དོན་རྐྱེན་དེའི་ཐད་མཆན་བཀོད་མཛུབ་སྟོན་གནང་ནས། ཞིང་ལས་དང་གྲོང་གསེབ་པུའུ་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་བཅས་ཀྱིས་འབྲེལ་ཡོད་ཕྱོགས་ཁག་གི་སྟོབས་ཤུགས་ལ་མཐུན་སྦྱོར་གང་ལེགས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཉེན་ཁར་འཕྲད་པའི་གྲུ་པ་འཚོལ་སྐྱོབ་བྱས་ནས། མི་སྣ་ཤི་རྨས་ཇེ་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་ལ། མཚོ་སྟེང་ཉ་འཛིན་གྲུ་གཟིངས་སོགས་ཀྱི་བདེ་འཇགས་དོ་དམ་ལ་སྔར་ལས་ཤུགས་སྣོན་པ་དང་དོགས་ཟོན་བྱེད་ཐབས་དོན་འཁྱོལ་ནན་མོ་བྱས་ཏེ། མཚོ་ཐོག་གི་སྐྱེལ་འདྲེན་དང་ཐོན་སྐྱེད་བདེ་འཇགས་ལ་འགན་ལེན་བྱ་དགོས་ཞེས་གསུངས།
ཞི་ཅིན་ཕིང་གི་མཛུབ་སྟོན་དང་ལིས་ཆང་གི་བླང་བྱ་གཞིར་བཟུང་ནས། ཞིང་ལས་དང་གྲོང་གསེབ་པུའུ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཧྲན་ཏུང་ཞིང་ཆེན་བཅས་ཀྱིས་འཕྲལ་སྡོམ་དང་ལེན་ལམ་སྲོལ་ལག་བསྟར་བྱས་ནས། ལུའུ་ཕུང་ཡོན་ཡུས018རྟགས་ཅན་གྱི་མཚོ་གྲུ་དང“ཡོན་ཧྥུའུ་ཧའེ”རྟགས་ཅན་གྱི་གྲུ་གཟིངས་སོགས་འབྲེལ་བ་ཆད་ཡུལ་མཚོ་ཁོངས་སུ་རོགས་སྐྱོབ་བྱེད་པར་ནུས་ཤུགས་ཡོད་རྒུས་མངགས་པ་དང་། གཞན་ཡང་འབྲེལ་ཡོད་རོགས་སྐྱོབ་སྟོབས་ཤུགས་འབྲེལ་བ་ཆད་ཡུལ་གྱི་མཚོ་ཁོངས་སུ་བསྐྱོད་བཞིན་ཡོད། ཀྲུང་གོའི་མཚོ་ཐོག་འཚོལ་སྐྱོབ་ལྟེ་གནས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་ལ་ཆ་འཕྲིན་བརྡ་ཁྱབ་བཏང་བ་དང་། ཨོ་སི་ཁྲུ་ལི་ཡ་སོགས་རྒྱལ་ཁབ་ཀྱི་མཚོ་ཐོག་འཚོལ་སྐྱོབ་སྟོབས་ཤུགས་ཀྱིས་ཡུལ་དངོས་ནས་འཚོལ་སྐྱོབ་བྱེད་བཞིན་ཡོད། ཕྱི་འབྲེལ་པུའུ་ཡིས་འཕྲལ་སྡོམ་ལམ་སྲོལ་ལག་བསྟར་བྱས་ནས། ཨོ་སི་ཁྲུ་ལི་ཡ་དང་སི་རི་ལན་ཁ། མར་ཏི་ཝེ། ཧིན་རྡུ་ཉི་ཞི་ཡ། ཧྥིས་ལིས་ཕིན་སོགས་རྒྱལ་ཁབ་ཀྱི་གཞུང་ཚབ་ཁང་གིས་བཅའ་སྡོད་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཕྱོགས་ཁག་ལ་མཐུན་སྦྱོར་གང་ལེགས་བྱས་ནས་འཚོལ་སྐྱོབ་གང་ལེགས་བྱེད་རྒྱུར་བཀོད་སྒྲིག་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།