ཟླ་ལྔ་པའི་ཚེས་བཅུ་བདུན་ཉིན། ཀྲུང་གོ་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་ལྔ་བ་ཟི་ལིང་ནས་ཚོགས་འགོ་བརྩམས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་གཏམ་བཤད་དེ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ན་གཞོན་ཚོས་ཏང་ལ་བློ་དཀར་བའི་ལངས་ཕྱོགས་བརྟན་པོ་དང་དངོས་སྒྲུབ་ཁག་ཁུར་གྱི་སྤྱོད་ཚུལ་བཟང་བོ་དང་། ཏང་ཡིད་བདེ་བར་བྱེད་པ་དང་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བའི་ཐད་ནས་ང་རང་ཡོད་ཅེས་པའི་ལང་ཚོའི་དམ་ཚིག་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་རྣམ་པས། ལང་ཚོའི་དྲི་བར་ལན་འདེབས་པ་དང་ལང་ཚོའི་འགན་འཁྲི་ཕྲག་ཏུ་བླངས་ཏེ། དུས་རབས་གསར་བའི་རྒྱུགས་ལེན་གྱི་ལམ་བུར་བཟང་བོར་བསྐྱོད་དགོས་པར་སྐུལ་སློང་བྱས།
གུང་གཞོན་ཚོགས་པ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཞུས་ཞའོ་གྲོས་ཚོགས་ལ་ཞུགས་ནས་རྟེན་འབྲེལ་ཞུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་གྱི་འགོ་ཁྲིད་པ་ཝང་ལིས་མེན་དང་ཝང་ཝེ་ཏུང་། ཝང་དབྱང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། དབྱང་ཧྥ་སིན། ཝུའུ་ལ་ཙི་པེ་ཁི.རེ་སུའུ་ལིས་ཧྭན། པད་ཁོ། ཀྲུའུ་ཞང་ཧྥིན། དབྱི་ཧྲུའུ་ཆང་། ཝང་ཧའེ་ཧུང་བཅས་གྲོས་ཚོགས་ལ་ཞུགས།
ཁྲིན་ཀང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་ཚབ་བྱས་ནས། ཚོགས་ཆེན་བསྡུས་པར་རྟེན་འབྲེལ་ཞུས་པ་དང་། གུང་གཞོན་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་གུང་གཞོན་ཚོགས་པའི་བྱ་བར་མཛུབ་ཁྲིད་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས་ལ། ཚོགས་ཆེན་ལ་ཞུགས་པའི་འཐུས་མི་ཡོངས་དང་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་གུང་གཞོན་ཚོགས་པའི་ཁོངས་མི། རིགས་སོ་སོ་དང་ལས་རིགས་སོ་སོའི་ན་གཞོན། ན་གཞོན་ལོ་ཆུང་བྱ་བ་སྒྲུབ་མཁན་བཅས་ལ་འཚམས་འདྲི་བྱས་པར་མ་ཟད། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཚུན་གྱི་ཞིང་ཆེན་ཡོངས་ཀྱི་གུང་གཞོན་ཚོགས་པའི་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས།
ཁྲིན་ཀང་གིས་བསྟན་དོན། གུང་གཞོན་ཚོགས་པ་ནི་ན་གཞོན་རང་ཉིད་ཀྱི་རྩ་འཛུགས་ཡིན་ལ། ན་གཞོན་ལ་ཞབས་འདེགས་ཞུ་བའི་རྩ་འཛུགས་ཀྱང་ཡིན་པས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་གུང་གཞོན་ཚོགས་པའི་རྩ་འཛུགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ན་གཞོན་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་གསལ་བོ། ལག་བསྟར་ཟབ་མོ་བྱེད་པ་དང་། ད་ལྟ་སྤེལ་བཞིན་པའི་བརྗོད་དོན་སློབ་གསོ་ལ་ཟུང་འབྲེལ་བྱེད་པ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ན་གཞོན་ལ་མཐུན་སྒྲིལ་བྱེད་པ་དང་སྣེ་ཁྲིད་དེ་ལང་ཚོའི་རིག་སྟོབས་དང་རྔུལ་ཆུ་ལ་བརྟེན་ནས་མཐོ་སྒང་ནས་ཕུགས་འདུན་མངོན་འགྱུར་དང་བྱས་རྗེས་བཞག་སྟེ། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འགྲན་ལམ་སྟེང་དེང་རབས་ན་གཞོན་གྱི་ཆེས་བཟང་བའི་རྒྱུགས་འབྲས་ལེན་དགོས། ཏང་གི་ཆེད་དུ་མི་སྐྱོང་བ་རྒྱུན་འཁྱོངས་བྱེད་པ་དང་། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ། མི་སྐྱོང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། མི་རིགས་མང་པོ་དང་རིག་གནས་མང་པོ་མཉམ་བསྲེས་ཀྱི་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ཏེ། རྒྱ་ཆེའི་ན་གཞོན་ཚོས་དུས་རབས་ཀྱི་གནད་ཚད་ཁྲོད་མི་སྒེར་གྱི་ཕུགས་འདུན་གྱི་སྐྱོད་རྟགས་དག་བཅོས་བྱེད་དགོས། དཀྱིལ་སྙིང་བྱ་བར་ཞབས་འདེགས་ཞུ་བ་དང་། ཏང་གི་འབོད་སྐུལ་གུང་གཞོན་ཚོགས་པས་མྱུར་དུ་དང་ལེན་བྱེད་རྒྱུ་དེ་བྱ་བའི་གོ་རིམ་ཧྲིལ་བོའི་ཁྲོད་ཁྱབ་པར་བྱས་ནས། རྒྱ་ཆེའི་ན་གཞོན་ཚོ་མཐོ་ས་གསར་སྐྲུན་དང་གནས་བཞི་འཛུགས་སྐྲུན་བྱེད་པའི་ལག་ལེན་ཁྲོད་དུས་རབས་གསར་བའི་བུ་རྒོད་བྱེད་པར་སྣེ་ཁྲིད་བྱེད་དགོས། སྦྲེལ་ཐག་གི་ནུས་པ་འདོན་སྤེལ་བྱེད་པ་དང་། ན་གཞོན་ལ་ཞབས་འདེགས་ཞུ་བའི་བྱ་བའི་སྲོག་རྩ་གཙིགས་སུ་འཛིན་པ། ན་གཞོན་ལ་བརྩི་བཀུར་དང་ཡིད་ཆེས་བྱེད་པ། ན་གཞོན་ཚོའི་བློ་ཐུབ་གྲོགས་པོ་དང་ན་གཞོན་བྱ་བར་སྤྲོ་བ་ཡོད་མཁན། མང་ཚོགས་ཀྱི་སྣེ་ཁྲིད་པ་བྱས་ཏེ། རྒྱ་ཆའི་ན་གཞོན་གྱིས་རང་རྟོགས་སྒོས་མཚོ་སྔོན་ལ་དགའ་ཞེན་བྱེད་པ་དང་མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ལ་བྱས་རྗེས་འཇོག་རྒྱུ་དེ་མི་ཚེའི་འཚོལ་སྙེག་ཏུ་བྱེད་པར་སྣེ་ཁྲིད་བྱེད་དགོས། རང་སྟེང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་སྔར་ལས་ཇེ་དྲག་ཏུ་གཏོང་བ། བཅོས་བསྒྱུར་གསར་གཏོད་ཀྱི་སྙིང་སྟོབས་དང་གཟབ་ནན་དངོས་གཉེར་གྱི་དར་སྲོལ་ལ་བརྟེན་ནས། གུང་གཞོན་ཚོགས་པ་དེ་ནམ་ཡང་དུས་རབས་ཀྱི་མདུན་གྲས་སུ་བསྐྱོད་པ་དང་ན་གཞོན་གྱི་མདུན་གྲས་སུ་བསྐྱོད་པའི་སྔོན་ཐོན་གྱི་ན་གཞོན་རྩ་འཛུགས་སུ་འགྱུར་བར་བྱེད་དགོས།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། དེང་སྐབས་ཀྱི་མཚོ་སྔོན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀོད་པའི་རླབས་ཆེན་འཆར་འགོད་དམིགས་ནས་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་བཞིན་པའི་སྒང་ཡིན་པ་དང་། དུས་རབས་གསར་བའི་མཚོ་སྔོན་གྱི་ན་གཞོན་ཚོས་གཟི་བརྗིད་ལྡན་པའི་འགན་འཁྲི་ཕྲག་ཏུ་བླངས་ཡོད་ལ། འཇོན་ཐང་ངོམས་པའི་སྟེགས་བུ་ཧ་ཅང་རྒྱ་ཆེ་བ་དང་། ཕུགས་འདུན་མངོན་འགྱུར་བྱེད་པའི་རེ་བ་སྔར་ལས་འོད་སྟོང་ལྡན་པས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ན་གཞོན་ཚོས་ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་རྒྱུ་དེ་ཚེ་གང་བོའི་སློབ་གཞི་རུ་བརྩི་བ་དང་། གུང་ཁྲན་རིང་ལུགས་ཀྱི་ཕུགས་འདུན་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་འདུན་བརྟན་པོ་འཛུགས་པ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པ། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་དྲིན་ལན་བསམ་པ། ཏང་གི་རྗེས་སུ་འབྲངས་པ། མདེལ་གཉིས་སྐར་གཅིག་གི་སྙིང་དང་ལམ་བཏོད་ཀྱི་སྙིང་སྟོབས། ཡུས་ཧྲུའུ་ཡོམ་འགོག་རྒུད་སྐྱོབ་ཀྱི་སྙིང་སྟོབས་བཅས་རྒྱུན་འཛིན་བྱེད་པ་དང་དར་སྤེལ་གཏོང་བ། མི་སྒེར་གྱི་འབད་འཐབ་དམིགས་འབེན་ཆུང་བ་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་འཆར་འགོད་ཆེན་པོའི་ཁྲོད་འདྲེས་པར་བྱེད་པ། གཞི་རིམ་དུ་བསྐྱོད་པ། རྒྱལ་ཁབ་དང་ཞིང་ཆེན་གྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱེད་པ། གསར་གཏོད་གསར་སྐྲུན་ལ་མཁས་བར་བྱས་ཏེ། ཕུགས་འདུན་ཡོད་པ་དང་དར་སྲོལ་ལ་སྣེ་ཁྲིད་པ། འགན་འཁྲི་ལྕི་མོ་ཐེག་ཐུབ་པ། ཀུན་གྱིས་མདུན་གྲས་སུ་བསྐྱོད་པའི་དུས་རབས་གསར་བའི་མཚོ་སྔོན་གྱི་ན་གཞོན་བཟང་བོ་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུས་ན་གཞོན་བྱ་བ་དེ་འཐབ་ཇུས་རང་བཞིན་གྱི་བྱ་བར་བརྩིས་ནས་དམ་འཛིན་བྱེད་པ་དང་། ཏང་གི་གུང་གཞོན་ཚོགས་པའི་བྱ་བའི་ཐད་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ། ཏང་འཛུགས་ཀྱིས་གུང་གཞོན་ཚོགས་པ་འཛུགས་སྐྲུན་བྱེད་པར་སྣེ་ཁྲིད་པའི་ལམ་ལུགས་རྐྱེན་སྲོལ་དོན་འཁྱོལ་བྱེད་པ། རིམ་པ་སོ་སོའི་གུང་གཞོན་ཚོགས་པའི་འགོ་ཁྲིད་ཚན་ཁག་ལེགས་འདེམས་བཟང་སྒྲིག་བྱེད་པ། སྤྱི་ཚོགས་ཡོངས་སུ་ན་གཞོན་ལ་གཅེས་སྤྲས་དང་ན་གཞོན་ལ་སྐུལ་སློང་། ན་གཞོན་ལ་རྒྱབ་སྐྱོར་བྱེད་པའི་སྣང་ཚུལ་བཟང་བོ་གྲུབ་པར་བྱེད་དགོས།
ཞུས་ཞའོ་ཡིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རླབས་ཆེན་འཆར་འགོད་བཟོས་པ་དང་། གུང་གཞོན་ཚོགས་པས་ཏང་གི་རྗེས་བསྙེགས་ནས་བརྒྱ་ལོ་གསར་བའི་ལང་ཚོའི་བསྐྱོད་ལམ་དུ་ཞུགས། རེ་བ་ཡིན་ན་མཚོ་སྔོན་གུང་གཞོན་ཚོགས་པས་མུ་མཐུད་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་ལྟར། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལག་བསྟར་བྱེད་པ་དང་། རིགས་སོ་སོའི་གུང་གཞོན་ཚོགས་པའི་ན་གཞོན་ཚོགས་མིས་ཞིང་ཆེན་ཡོངས་ཀྱི་མི་དམངས་དང་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པར་སྐུལ་སློང་བྱེད་དགོས། ཆབ་སྲིད་སློབ་གྲྭའི་རྩོལ་ནུས་ངེས་གནས་ལ་རྐང་འཛུགས་པ་དང་། རིགས་སོ་སོའི་ན་གཞོན་གྱིས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པར་སྣེ་ཁྲིད་བྱེད་དགོས། གདོང་ལེན་པའི་སྟོབས་ཤུགས་ཀྱི་འགན་འཁྲི་ནུས་པ་འདོན་སྤེལ་བྱེད་པ་དང་། རིགས་སོ་སོའི་ན་གཞོན་ལ་མཐུན་སྒྲིལ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་དགོས།སྦྲེལ་ཐག་གི་འགན་འཁྲི་ལས་འགན་ལག་བསྟར་བྱེད་པ་དང་། རིགས་སོ་སོའི་ན་གཞོན་ལོ་ཆུང་བདེ་ཐང་ངང་འཚར་ལོངས་འབྱུང་བ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་བར་ཞབས་འདེགས་ཞུ་དགོས། སྔོན་ཐོན་རྩ་འཛུགས་ཀྱི་ནང་ཁོག་གི་རེ་བ་ལག་བསྟར་བྱས་ནས། མཚོ་སྔོན་གྱི་གུང་གཞོན་ཚོགས་པ་སྔར་ལས་བརྟན་བརླིང་ཤུགས་ལྡན་དང་སྔར་ལས་གསོན་ཤུགས་ལྡན་པར་འཛུགས་སྐྲུན་བྱེད་དགོས།
རིན་ཆེན་མཚོས་བསྒྱུར།