སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་བཞི་པ་ཟླ5པའི་ཚེས17ཉིན་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་མགོ་འཛིན་གནང་བར་མ་ཟད་གསུང་བཤད་གནང་།
ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས། ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུའུ་ཞིའི་གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་རྒྱུ་དེ་ལམ་ལུགས་ཤིག་ཏུ་བརྩིས་ནས་ཡུན་རིང་རྒྱུན་འཁྱོངས་བྱ་རྒྱུ་ནི་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་པའི་ནང་གནས་ཀྱི་བླང་བྱ་ཡིན་པས། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་ཆུད་པར་བྱས་ནས། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་པ་དང་། ཏང་གི་རིགས་པའི་གཞུང་ལུགས་ཀྱིས་རང་རྟོགས་ངང་བསམ་བློར་དྲག་ཆས་སྤྲས་པ་དང་། ཁྲིད་སྟོན་ཏན་ཏིག་གཏོང་བ། བྱ་བར་སྐུལ་འདེད་གཏོང་དགོས།
ཝང་ཧུའུ་ཉིང་གིས་བསྟན་དོན། རྒྱལ་ཡོངས་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་འགན་འཁྲི་སྒྲུབ་པའི་བྱ་བའི་ཁྲོད་དོན་འཁྱོལ་བྱེད་པ་དང་། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་ཀྲུང་དབྱང་གི་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱ་རྒྱུའི་སྐོར་གྱི་བཀོད་སྒྲིག་བླང་བྱ་ལྟར་ཨུ་ཡོན་རྩ་འཛུགས་བྱས་ནས་བརྟག་དཔྱད་ཞིབ་འཇུག་ནན་ཏན་དང་གྲོས་མོལ་གྲོས་སྡུར་གཏིང་ཟབ་བྱེད་པ། རྟོག་ཞིབ་སྤུས་ཚད་དང་ཐབས་ཇུས་འདོན་པའི་ཆུ་ཚད་མཐོ་རུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས།
ཚོགས་འདུའི་སྟེང་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་གྲོས་རིམ་འཆར་ཟིན་དང་ཉིན་རེའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཟླ་6པའི་ཚེས26ནས་ཚེས་27ཉིན་བར་པེ་ཅིང་དུ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་འཚོགས་རྒྱུའི་ཐག་བཅད།
ཚོགས་འདུའི་སྟེང་བཟོ་བཅོས་བརྒྱབ་རྗེས་ཀྱི་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཆེད་མཁས་པའི་གྲོས་མོལ་ཚོགས་འདུའི་སྒྲིག་སྲོལ་དང་། 2023ལོར་ཆེད་མཁས་པའི་གྲོས་མོལ་ཚོགས་འདུ་བསྡུ་རྒྱུའི་སྐོར་གྱི་བྱ་བའི་འཆར་གཞི། རྒྱལ་ཡོངས་སྲིད་གྲོས་ཀྱི་བརྟག་དཔྱད་ཞིབ་འཇུག་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་བསམ་འཆར་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
ཀྲུའུ་ཞིའི་ཚོགས་འདུའི་སྟེང2023ལོའི་ཐུན་མོང་སློབ་སྦྱོང་ཐེངས་དང་པོ་བསྡུས་པ་དང་། དེའི་བརྗོད་བྱ་གཙོ་བོ་ནི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་ཀྱི་འཕེལ་རྒྱས་གསར་པ་ཞེས་པ་དེ་རེད། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་སྤྱི་ཚོགས་འཕེལ་རྒྱས་འཐབ་ཇུས་ཞིབ་འཇུག་ཁང་གི་ཡོན་ཀྲང་ཀྲང་དབྱི་ཡིས་གདན་ཞུས་ལྟར་སྙན་ཞུ་ཕུལ།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥེང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ་དང་། ཧྲིན་ཡའོ་ཡའོ། ཝང་ཡུང་། ཀྲིའུ་ཆང་། ཧི་ཧུ་ཧྭ། ལེང་ཀྲིན་དབྱིན། པ་ཐུར། སུའུ་ཧོས། ཧྲའོ་ཧུང་། ཀའོ་ཡུན་ལུང་། ཁྲིན་ཧུང་། མུའུ་ཧུང་། ཞན་ཧོས། ཅང་ཞིན་ཀྲི། ཅང་ཙོ་ཅུན། ཧི་པའོ་ཞང་། ཆིན་པོ་ཡུང་། ཀྲུའུ་ཡུང་ཞིན་དང་དབྱང་ཀྲིན་བཅས་ཚོགས་འདུར་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།