ཝང་ཧུའུ་ཉིང་གིས་ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2023.05.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས་བཅུ་བདུན་ཉིན་པེ་ཅིང་ནས་ཀྲུང་གོ་རུ་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་ཚོགས་ལ་ཞུགས་པར་མ་ཟད་རྒྱལ་དོན་འཚམས་འདྲི་བྱེད་པར་ཡོང་བའི་ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་ཧི་མིན་ལ་མཇལ་འཕྲད་གནང་།

ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ལ་ཧི་མིན་གཉིས་ཀྱིས་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་གྱི་འབྲེལ་བའི་ཐད་ནས་མཆོང་བསྐྱོད་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཆུ་ཚད་མཐོན་པོར་སླེབས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣས་དུས་རབས་གསར་བའི་ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་ཆེད་བཟོས་པའི་འཆར་འགོད་ལྟར། ཆབ་སྲིད་ཀྱི་ཡིད་རྟོན་ཇེ་ཟབ་ཏུ་གཏོང་བ་དང་། བདེ་འཇགས་ཀྱི་མཉམ་ལས་རྒྱ་སྐྱེད་པ། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱེད་པ། ཕན་ཚུན་སློབ་སྦྱོང་དང་དཔེ་ལྟ་བྱེད་པར་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་དར་སྤེལ་ཐད་སྒུལ་ཤུགས་གསར་བ་སྣོན་དགོས། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཐ་ཅི་ཁི་སི་ཐན་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་གི་ལྟ་བ་ལག་བསྟར་བྱེད་པ་དང་། ལམ་བུ་སོ་སོ་དང་རིམ་པ་སོ་སོའི་བརྗེ་རེས་འགྲོ་འོང་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་རེ་འདུན་དང་དམིགས་འབེན་མངོན་འགྱུར་བྱེད་ཆེད་འབད་འཐབ་བྱེད་འདོད་ཡོད་ཟེར།

ལ་ཧི་མིན་གྱིས་བསྟན་དོན། ཐ་ཅི་ཁི་སི་ཐན་གྱིས་ཀྲུང་གོའི་བར་གྱི་ཁྱིམ་མཚེས་མཛའ་བརྩེ་མཉམ་ལས་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་། ཀྲུང་གོས་དུས་རབས་གསར་བའི་ནང་རླབས་ཆེ་བའི་གྲུབ་འབྲས་བླངས་པར་སྨོན་འདུན་ཞུས་པ་ཡིན་ལ། ཀྲུང་གོའི་མཐོ་རིམ་བར་གྱི་འགྲོ་འོང་ཇེ་དམ་དུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ཤུགས་བསྣན་ནས། ཐ་ཅི་ཁི་སི་ཐན་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཐད་སྒུལ་ཤུགས་གསར་བ་སྣོན་འདོད་ཡོད་ཟེར།

ཧུའུ་ཁྲུན་ཧྭ་སོགས་མཇལ་འཕྲད་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།