ཟླ་ལྔ་པའི་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞི་ཨན་དུ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྩེ་ཚོགས་ལ་ཞུགས་མཁན་ཐུའུ་ཁུའུ་མེན་སི་ཐན་གྱི་ཙུང་ཐུང་པའེ་ཨར་ཏི་མུའུ་ཧ་མའེ་ཏོ་ཧྥུའུ་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ཐུའུ་ཁུའུ་མེན་སི་ཐན་གྱིས་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན། མངའ་ཁོངས་ཆ་ཚང་བཅས་ཀྱི་སྲུང་སྐྱོབ་ཐད་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་དང་། ཐུའུ་ཁུའུ་མེན་སི་ཐན་གྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་སྐྱོད་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལ། ཀྲུང་གོ་ནི་དུས་ནམ་ཡང་ཐུའུ་ཁུའུ་མེན་སི་ཐན་ཕྱོགས་ཀྱི་བློ་གཏད་ཆོག་པའི་གྲོགས་པོ་དང་ཟླ་གྲོགས་བཟང་པོ་ཡིན། ཕྱོགས་གཉིས་ཀས་ཕན་ཚུན་གསབ་རེས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་མངོན་པར་བྱས་ནས། མཉམ་ལས་ཀྱི་གཏིང་ཟབ་ཚད་དང་རྒྱ་ཆེ་ཚད། གཞི་ཁྱོན་བཅས་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐུའུ་ཁུའུ་མེན་སི་ཐན་ཕྱོགས་དང་མཉམ་དུ། དཔལ་འབྱོར་ཉོ་ཚོང་དང་རང་བྱུང་སོལ་རླངས། ཕན་ཚུན་སྦྲེལ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་དང་། འཕྲིན་གཏོང་དང་འཇིག་རྟེན་འཕུར་སྐྱོད་སོགས་མཐོ་གསར་ལག་རྩལ་ཀྱི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། ཀྲུང་གོའི་ཁེ་ལས་སྔར་ལས་གང་མང་ཐུའུ་ཁུའུ་མེན་སི་ཐན་དུ་མ་དངུལ་གཏོང་དུ་སོང་ནས་ལས་རིགས་དར་སྤེལ་གཏོང་བར་རྒྱབ་སྐྱོར་བྱེད་པ། རྒྱལ་ཁབ་གཉིས་ཀའི་ས་གནས་ཞིང་ཆེན་དང་ཁུལ་གྱིས་ཀྱང་བྱ་སྤྱོད་དངོས་སྤེལ་བ་བཅས་བྱས་ནས། རང་ངོས་ཀྱི་ལེགས་ཆ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཁ་གཏད་མཉམ་ལས་སྔར་ལས་གང་མང་བྱེད་འདོད་ཡོད། ཕྱོགས་གཉིས་ཀས་ད་ལོ་དང་སང་ལོའི་རིག་གནས་བྱེད་སྒོ་སྤེལ་རེས་བྱ་རྒྱུ་གོ་སྐབས་སུ་བརྩིས་ཏེ། མི་ཆོས་རིག་གནས་བརྗེ་རེས་གཏིང་ཟབ་ཏུ་གཏོང་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ནི་སྐྱིད་སྡུག་མཉམ་མྱོང་གི་ལས་སྐལ་གཅིག་མཐུན་ཚོགས་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ལྔ་དང་མཉམ་དུ་འབད་བརྩོན་བྱས་ནས། ད་ཐེངས་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྩེ་ཚོགས་ཡག་པོ་འཚོགས་ཏེ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཨེ་ཤེ་ཡ་དབུས་མའི་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་ཡུན་སྐྱོང་བདེ་འགོད་ལ་སྲུང་སྐྱོབ་བྱ་རྒྱུའི་རེ་ལྟོས་ཡོད་ཅེས་གསུངས།
པའེ་ཨར་ཏི་མུའུ་ཧ་མའེ་ཏོ་ཧྥུའུ་ཡིས་ཐུའུ་ཁུའུ་མེན་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ནས། ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་མཉམ་ལས་དམ་ཟབ་བྱས་ཏེ། མཉམ་དུ་འགྲན་སློང་ལ་ཁ་གཏད་འཇལ་བ་དང་། ས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
ཚའེ་ཆི་དང་ཝང་དབྱིས། ཆིན་ཀང་སོགས་གོང་གསལ་བྱེད་སྒོར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།