ཟླ་ལྔ་བའི་ཚེས་བཅུ་བདུན་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧྲན་ཏུང་དུ་རྟོག་ཞིབ་གནང་། ཁོང་གིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མིག་སྔའི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ཀྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ་དང་དངོས་ཕུང་དཔལ་འབྱོར་འདེགས་སྐྱོར་ཡིན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མྱུར་དུ་བསྐྲུན་པ། དམིགས་སའི་རང་བཞིན་གྱི་བྱེད་ཐབས་སྤྱད་དེ་ནང་མཁོ་རྒྱ་བསྐྱེད་པ་དང་ཕྱི་མཁོ་བརྟན་འཇགས་སུ་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་འཁོར་སྐྱོད་མུ་མཐུད་དུ་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
རྟོག་ཞིབ་བྱེད་སྐབས། ལིས་ཆང་གིས་འགོ་འཛིན་བྱས་ཏེ་བཞུགས་མོལ་ཚོགས་འདུ་བསྡུས་ནས་ཧྲན་ཏུང་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་གྲོང་ཁྱེར་དང་རྫོང་ཁ་ཤས་དང་ཁེ་ལས་ཀྱི་འགན་ཁུར་མི་སྣའི་གཏམ་བཤད་ལ་ཉན།
ཁོང་གིས་ནན་གྱིས་བསྟན་དོན། དཔལ་འབྱོར་འཁོར་སྐྱོད་མུ་མཐུད་དུ་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་བའི་གནད་འགག་ནི་འཕེལ་རྒྱས་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་གཏན་འཁེལ་རང་བཞིན་གྱི་ལས་དོན་མང་པོ་སྒྲུབ་སྟེ་རིགས་སོ་སོའི་གཏན་འཁེལ་མེད་པའི་རང་བཞིན་ལ་ཁ་གཏད་འཇལ་ནས་མཇུག་འབྲས་ཆེས་བཟང་བོ་བརྩོན་ལེན་བྱེད་རྒྱུ་དེ་ཡིན། སྟོབས་ཤུགས་གཅིག་བསྡུས་སྒོས་བཟོ་སྐྲུན་དང་གསར་སྐྲུན། མཉམ་བསྲེས་བཅས་དམ་འཛིན་བྱས་ཏེ་བཟོ་སྐྲུན་ལས་རིགས་ཀྱི་རྩེར་ཟོན་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དངོས་ཕུང་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་པ་ཞིག་ཏུ་འབད་པས་བསྐྱོད་དགོས། ནང་མཁོ་རྒྱ་བསྐྱེད་པ་དང་དམངས་ཚིས་ལེགས་བཅོས་གཉིས་ཟུང་འབྲེལ་བྱས་ཏེ་མཁར་གྲོང་གི་རྨང་གཞིའི་སྒྲིག་ཆས་དང་སྤྱི་བའི་ཞབས་ཞུའི་མི་འདང་ས་ཁ་གསབ་ལས་གཞིའི་འཛུགས་སྐྲུན་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་དགོས། ཕྱི་ཕྱོགས་ཉོ་ཚོང་གི་ལས་རྣམ་གསར་པ་དང་རྣམ་པ་གསར་པ་མྱུར་དུ་འཕེལ་རྒྱས་བཏང་སྟེ་ཤུགས་ཆེན་པོས་ཕྱིའི་མ་དངུལ་བསྡུ་ལེན་དང་བཀོལ་སྤྱོད་བཟང་བོ་བྱེད་དགོས། ཤུགས་ཆེན་པོས་ཁྱབ་ཁོངས་གཙོ་བོའི་ཉེན་ཁ་སྔོན་འགོག་དང་ཐག་གཅོད་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཐད་ཁོར་ཡུག་བཟང་བོ་བསྐྲུན་དགོས།
ལིས་ཆང་གིས་ཧྲན་ཏུང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཧྲན་ཏུང་གིས་བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ་སྒུལ་ཤུགས་ཆེན་པོར་བརྩི་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་གི་བྱ་བའི་ཐད་བཏོན་པའི་མཛུབ་སྟོན་དགོངས་དོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་བྱས་རྗེས་གསར་པ་འཇོག་དགོས་པའི་རེ་བ་བཏོན།
ཝུའུ་ཀྲིན་ལུང་གིས་མཉམ་དུ་རྟོག་ཞིབ་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།