ཟླ་ལྔ་པའི་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞི་ཨན་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྩེ་ཚོགས་ལ་ཞུགས་ཏེ་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མིས་ཨར་ཅིས་ཡུའེ་ཡེ་ཧྥུའུ་དང་གྲོས་མོལ་གནང་།
ཞི་ཅིན་ཕིང་གིས་ཙུང་ཐུང་མིས་ཨར་ཅིས་ཡུའེ་ཡེ་ཧྥུའུ་ཀྲུང་གོ་རུ་ཡོང་ནས། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྩེ་ཚོགས་ལ་ཞུགས་པ་དང་རྒྱལ་དོན་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས་པ་ཡིན། ན་ནིང་གི་ཟླ་དགུ་པའི་ནང་དུ། ངས་ཁྱོད་ཚོའི་རྒྱལ་ཁབ་ལ་རྒྱལ་དོན་གྱི་འཚམས་འདྲི་ཞུས་པའི་རིང་ལ། ཁྱོད་ཀྱིས་སྤྲོ་སེམས་འཁོལ་བའི་ངང་སྣེ་ལེན་ཞུས་པ་ང་ད་དུང་བརྗེད་མེད། ཅང་མ་འགོར་བའི་སྔོན་ལ། ཝུའུ་ཙི་པེ་ཁི་སི་ཐན་གྱིས་དམངས་ཡོངས་ཀྱིས་འདེམས་ཤོག་འཕངས་ནས་རྩ་ཁྲིམས་གསར་པར་གྲོས་འཆམ་བྱུང་བ་དེའི་སྟེང་ནས། ཁྱོད་ཚོའི་རྒྱལ་ཁབ་ཀྱི་མི་དམངས་ཀྱིས་སྐུ་ཞབས་ཙུང་ཐུང་ལ་ཡིད་ཆེས་ཆེན་པོ་བྱེད་པ་དང་སྙིང་དབུས་ནས་བརྩི་བཀུར་གང་ལེགས་བྱེད་ཀྱིན་པ་མཚོན་ཐུབ། ངས་ཁྱོད་ལ་རྟེན་འབྲེལ་ཞུས་པ་ཡིན། ཁྱོད་ཀྱི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཝུའུ་ཙི་པེ་ཁི་སི་ཐན་གྱི་བཅོས་སྒྱུར་སྒོ་འབྱེད་ལམ་བུ་སངྲ་ལས་ཇེ་ཡངས་སུ་འགྲོ་ངེས་པ་དང་། “ཝུའུ་ཙི་པེ་ཁི་སི་ཐན་གསར་པའི”འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་རྒྱུར་ང་ལ་ཡིད་ཆེས་ཡོད། ན་ནིང་གི་ཟླ་དགུ་པའི་ནང་དུ། ང་ཚོས་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་གཉིས་ངོས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་ལག་བསྟར་བྱེད་རྒྱུ་དངོས་སུ་ཁྱབ་བསྒྲགས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ངེས་གནས་གསར་པ་གཏན་འཁེལ་བྱས། ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་དང་མཉམ་དུ་ཕྱོགས་ཡོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་འདོད་ཡོད་ཅེས་གསུངས།
བན་དེ་སྐྱབས་ཀྱིས་བསྒྱུར།