ཟླ་ལྔ་པའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ལས་གཞི་གཙོ་བོ་འཛུགས་སྐྲུན་ལ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ཟབ་མོ་བྱེད་པ། ད་ལྟ་སྤེལ་བཞིན་པའི་བརྗོད་དོན་སློབ་གསོ་སྒུལ་ཤུགས་ཆེན་པོ་རུ་བརྩི་བ། སྟོབས་ཤུགས་ཡོད་རྒུས་དངུལ་གཏོང་ལས་གཞིའི་མཁྲེགས་གཏོར་འགུལ་སྐྱོད་ལག་བསྟར་བྱེད་པ། སྤུས་ཚད་མཐོ་བའི་ངང་ལས་གཞི་གཙོ་བོ་མྱུར་དུ་འཛུགས་སྐྲུན་བྱེད་པ། ཕན་ལྡན་དངུལ་གཏོང་གི་གནད་འགག་ནུས་པ་འདོན་སྤེལ་སྔར་ལས་བཟང་བོ་བྱས་ཏེ། ལོ་ཧྲིལ་བོའི་གཏན་འཇགས་མངོན་འགྱུར་བྱེད་ཆེད་རྨང་གཞི་བརྟན་པོ་འདིངས་པ་དང་སྒུལ་ཤུགས་ཆེན་པོ་སྣོན་དགོས།
ཟི་ལིང་དང་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ཤར་རྒྱུད་མདོ་ལ་རི་བོའི་ཕུག་ལམ་གྱི་ཕྱིར་བགྲོད་བཟོ་སྐྲུན་ཡུལ་དངོས་སུ། ཝུའུ་ཞའོ་ཅུན་གྱིས་ཡུལ་དངོས་ནས་བཟོ་སྐྲུན་འཛུགས་སྐྲུན་གནས་ཚུལ་ལ་བལྟས་པ་དང་། ཟི་ལིང་དང་ཁྲིན་ཏུའུ་ལྕགས་ལམ་མཚོ་སྔོན་མངའ་ཁོངས་ནང་གི་སྔོན་དུས་ཀྱི་བཟོ་སྐྲུན་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་ནན་གྱིས་བསྟན་དོན། ཟི་ལིང་དང་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ནི་རྒྱལ་ཁབ་ཀྱི་དུས་ཡུན་འབྲིང་རིང་གི་མྱུར་བགྲོད་ལྕགས་ལམ་དྲ་རྒྱའི་འཕྲེད་བརྒྱད་གཞུང་བརྒྱད་ཀྱི་གྲུབ་ཆ་གཙོ་བོ་ཡིན་པ་དང་། རང་རྒྱལ་གྱི་ནུབ་རྒྱུད་ས་ཁུལ་གྱི་ལྕགས་ལམ་དྲ་རྒྱའི་གྲུབ་ཚུལ་འཐུས་ཚང་དུ་གཏོང་བ་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་འདེགས་སྐྱོར་གལ་ཆེན་དང་སྣེ་ཁྲིད་ཀྱི་ནུས་པ་ལྡན་ལ། བདེ་འཇགས་གོ་གནས་དང་པོར་འཇོག་པ་དང་སྤུས་ཚད་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། འཛུགས་སྐྲུན་ཇུས་གཞི་ལེགས་བསྒྱུར་བྱེད་པ། ལས་གཞིའི་དོ་དམ་ཆུ་ཚད་མཐོར་འདེགས་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་སྐྲུན་འཛུགས་སྐྲུན་བྱེད་པ་དང་བདེ་འཇགས་ངང་འཛུགས་སྐྲུན་བྱེད་པ། ལྗང་མདོག་སྒོས་འཛུགས་སྐྲུན་བྱེད་པ། སྤུས་ལེགས་བཟོ་སྐྲུན་གསར་སྐྲུན་བྱས་ནས། བཟོ་སྐྲུན་སྔ་མོ་ནས་འཛུགས་སྐྲུན་བྱས་ནས་མེ་འཁོར་གཏོང་བར་ཆ་རྐྱེན་བསྐྲུན་དགོས།
མཚོ་བོད་ལྕགས་ལམ་སྡེ་ཚོགས་ཀུང་ཟི་རུ། ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་ལྕགས་ལམ་དྲ་རྒྱ་འཛུགས་སྐྲུན་དང་འཆར་འགོད་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། ལྕགས་ལམ་སྐྱེལ་འདྲེན་བཀོད་གཏོང་བཀོད་འདོམས་དང་མཚོ་བོད་ལྕགས་ལམ་གྱི་ཟི་ལིང་དང་ན་གོར་མོའི་བར་མཚམས་ཀྱི་སྤུས་འདེགས་བཟོ་སྐྲུན། ལན་ཀྲི་དང་ཞིན་ཅང་གི་མྱུར་བགྲོད་ལྕགས་ལམ་གྱི་ས་འགུལ་གནོད་འཚེ་སླར་གསོ་དང་། ལན་ཀྲི་དང་ཟི་ལིང་བར་མཚམས་ཀྱི་འགྲོས་སྨྱུར་སྤུས་འདེགས་བཟོ་སྐྲུན་སོགས་ལས་གཞི་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ལ། ལན་ཀྲི་དང་ཞིན་ཅང་བར་གྱི་ལྕགས་ལམ་གྱི་ཨེར་ཧྲི་ལིས་ཕུའུ་ཟམ་ཆེན་བརྡིབས་པའི་གནོད་འཚེ་བཅོས་སྐྱོང་བཟོ་སྐྲུན་གྱི་ཡུལ་དངོས་སུ། ལས་གཞི་འཛུགས་སྐྲུན་བྱས་པའི་གནས་ཚུལ་ལ་བལྟས། ཁོས་ནན་གྱིས་བསྟན་དོན། འགྲིམ་འགྲུལ་འཛུགས་སྐྲུན་ནི་དམངས་ཚིས་བཟོ་སྐྲུན་གལ་ཆེན་ཡིན་ལ། འཕེལ་རྒྱས་ཀྱི་བཟོ་སྐྲུན་གལ་ཆེན་ཡང་ཡིན་པས། འགན་འཁྲི་ཁག་ཁུར་དྲག་པོས་སྤུས་ཚད་མཐོ་བའི་ངང་ཟི་ལིང་དང་ན་གོར་མོའི་བར་མཚམས་ཀྱི་ལྕགས་ལམ་གྱི་སྤུས་ཚད་མཐོར་འདེགས་སོགས་ལྕགས་ལམ་གཙོ་བོའི་ལས་གཞི་འཛུགས་སྐྲུན་དམ་འཛིན་བྱས་ནས། བསྐྱར་དར་རྟགས་ཅན་སྔ་མོ་ནས་མཚོ་བོད་ལྕགས་ལམ་ནས་གཏོང་ཐུབ་པར་བྱེད་པ་དང་། འགྲིམ་འགྲུལ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་དགོས། ལྕགས་ལམ་འགྲམ་རྒྱུད་ཀྱི་རང་བྱུང་གནོད་འཚེ་དང་ཉེན་ཁའི་ཞིབ་འཇུག་བརྡར་གཅོད་དང་ལྟ་ཞིབ་སྔོན་བརྡར་ཤུགས་སྣོན་པ་དང་། ས་གཤིས་གནོད་འཚེ་ཉེན་ཁ་རྟོག་སེལ་དང་བཅོས་སྐྱོང་བྱས་ཏེ། ལྕགས་ལམ་གྱི་བདེ་འཇགས་དང་གེགས་མེད་ལ་འགན་སྲུང་བྱེད་དགོས།
མཚོ་སྔོན་ཟམ་སྣེ་གློག་འདོན་ཚད་ཡོད་འགན་ལེན་ཀུང་ཟི་རུ། ཝུའུ་ཞའོ་ཅུན་གྱིས་ཡུལ་དངོས་ནས་སྟོང་ཝ་ཁྲི་གསུམ་རེ་དྲུག་ལ་བསྒྱུར་བའི་མེ་གློག་འཕྲུལ་འཁོར་ཚན་པའི་ལས་གཞི་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། ལས་གཞི་ལག་བསྟར་ཁྲོད་འཕྲད་པའི་དཀའ་ཁག་གསལ་བོར་དྲིས་ལ། ཡུལ་དངོས་ནས་ལས་སྒྲུབ་བྱས་ཏེ་གནད་དོན་ཐག་བཅད། ཁོས་ནན་གྱིས་བསྟན་དོན། བདེ་འཇགས་དང་ལྗང་མདོག ཐཱན་དམའི་རེ་བ་འབུར་དུ་ཐོན་པར་བྱེད་པ་དང་། གཅིག་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་པ། ཨར་ལས་རྩ་འཛུགས་ལེགས་བསྒྱུར་བྱེད་པ། སྤུས་ཚད་མཐོ་བའི་ངང་ལས་གཞི་མྱུར་དུ་འཛུགས་སྐྲུན་བྱེད་པ། སྔ་མོ་ནས་ཡོངས་འགྲུབ་བཀོལ་སྤྱོད་བྱེད་ཐུབ་པར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གློག་ཤུགས་བློས་འཁེལ་བའི་སྒོ་ནས་མཁོ་སྤྲོད་དང་ཐད་རྒྱུག་བརྟན་བརླིང་ངང་ཕྱིར་སྐྱེལ་བྱེད་པར་འགན་སྲུང་བྱེད་ཆེད་ནུས་པ་གལ་ཆེན་འདོན་དགོས།
རྟོག་ཞིབ་བྱེད་སྐབས། ཝུའུ་ཞའོ་ཅུན་གྱིས། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ལས་གཞི་དམ་འཛིན་དང་དངུལ་གཏོང་རྒྱ་སྐྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་འདུ་ཤེས་དང་བྲེལ་མྱུར་འདུ་ཤེས་ཇེ་དྲག་ཏུ་གཏོང་བང་དང་། ལས་གཞི་ལག་བསྟར་གྱི་དུས་སྐབས་བཟང་བོ་དམ་འཛིན་བྱེད་པ། བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ཇེ་དྲག་ཏུ་གཏོང་བ། ལས་གཞི་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་སྟེ། བཟོ་སྐྲུན་སྔར་ལས་མང་པོ་ཡོངས་འགྲུབ་བྱེད་པར་སྐུལ་འདེད་གཏོང་དགོས། ལས་གཞི་འཆར་འགོད་དང་བརྩོན་ལེན། ཉར་གསོག ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས། ལས་གཞི་ལག་བསྟར་བྱེད་པའི་ནུས་པ་མཐོར་འདེགས་གཏོང་དགོས། འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་པ། སྟོབས་ཤུགས་ཡོད་རྒུས་ཞོད་འགོག་དང་གནོད་འགོག་རྒུད་སྐྱོབ་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས།
ཝང་ལེན་ཧུའུ་ཡིས་མཉམ་དུ་རྟོག་ཞིབ་བྱས།
རིན་ཆེན་མཚོས་བསྒྱུར།