ཞི་ཅིན་ཕིང་གིས་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན་དང་གྲོས་མོལ་གནང་།
2023.05.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་ལྔ་པའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞི་ཨན་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྩེ་ཚོགས་ལ་ཞུགས་མཁན་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལ་ཧི་མིན་དང་གྲོས་མོལ་གནང་བ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཐ་ཇིག་སི་ཐན་བར་འབྲེལ་བ་བཙུགས་པ་ནས་བཟུང་། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་དེ་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་འབྲེལ་བ་ནས་མཛའ་མཐུན་འབྲེལ་བ་དང་། དེ་ནས་འཐབ་ཇུས་རོགས་རེས་འབྲེལ་བ་ནས་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བའི་བར་འཕེལ་རྒྱས་བྱུང་ཡོད། ཀྲུང་གོ་དང་ཐ་ཇིག་སི་ཐན་གྱི་འབྲེལ་བར་ལོ་རྒྱུས་ཀྱི་འབྱུང་ཁུངས་ཟབ་མོ་དང་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་རྨང་གཞི། ཕུན་སུམ་ཚོགས་པའི་མཉམ་ལས་ཀྱི་ནང་དོན། རྒྱ་ཆེ་བའི་དམངས་འདོད་ཀྱི་རྒྱབ་སྐྱོར་བཅས་ལྡན། གནས་བབ་གསར་པའི་འོག་ཏུ། ཀྲུང་གོ་ཕྱོགས་ཀྱིས་ཐ་ཇིག་སི་ཐན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ། མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་དང་སྐྱིད་སྡུག་མཉམ་མྱོང་། གཉིས་ཕན་གཉིས་རྒྱལ་བཅས་ཀྱི་རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཕྱོགས་གཉིས་ཀས་ཕན་ཚུན་བརྩི་འཇོག་དང་ཚད་མཐོའི་ཡིད་ཆེས་ཀྱི་རྨང་གཞིའི་སྟེང་དུ། ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། བདག་དབང་དང་རང་བཙན། བདེ་འཇགས། མངའ་ཁོངས་ཆ་ཚང་སོགས་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱས་ནསཞ། ཕན་ཚུན་བར་བློ་གཏད་ཆོག་པའི་འཐབ་ཇུས་ཀྱི་ཟླ་གྲོགས་བྱེད་དགོས། ཕྱོགས་གཉིས་ཀས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་མཉམ་དུ“རྒྱུད་གཅིག་ལམ་གཅིག”བསྐྲུན་པ། དཔལ་འབྱོར་ཉོ་ཚོང་དང་ཕན་ཚུན་འབྲེལ་མཐུད། ཞིང་ལས། གཞི་གྲངས་ཆེ་གྲས་སོགས་ཐད་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་ཕྱོགས་ཀྱིས་ཐ་ཇིག་སི་ཐན་གྱི་སྤུས་ལེགས་ཞིང་ལས་ཐོན་རྫས་སྔར་ལས་གང་མང་ནང་འདྲེན་བྱེད་འདོད་ཡོད། མི་ཆོས་རིག་གནས་བརྗེ་རེས་གཏིང་ཟབ་ཏུ་བཏང་ནས། ལུའུ་པན་བཟོ་གྲྭ་ཡག་པོ་གཉེར་བ་དང་། སློབ་གསོ་དང་སྨྱན་སྦྱོར་མཉམ་ལས་ལ་ཤུགས་སྣོན་པ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་གཏམ་རྒྱུད་ཡག་པོ་འཆད་པ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་དམངས་འདོད་དང་སྤྱི་ཚོགས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐ་ཇིག་སི་ཐན་ཕྱོགས་དང་མཉམ་དུ། ཁྲིམས་འཛིན་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་དང་ས་ཁུལ་གྱི་ཐུན་མོང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ གོ་ལ་ཧྲིལ་པོའི་དཔལ་ཡོན་གྲོས་འགོ་བཅས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད། ཕྱོགས་སོ་སོའི་ཐུན་མོང་གི་འབད་བརྩོན་འོག་ཏུ། ད་ཐེངས་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྩེ་ཚོགས་དེ་ནང་དོན་ཕུན་སུམ་ཚོགས་ལ་གྲུབ་འབྲས་ཆེན་པོ་ལྡན་པའི་རྩེ་ཚོགས་ཤིག་ཏུ་འགྱུར་ངེས་ཡིན་པ་དང་། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་ཀྱི་དུས་རབས་གསར་པ་བསྐྲུན་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཅེས་གསུངས།

ལཱ་ཧི་མིན་གྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་བརྩི་འཇོག ཕན་ཚུན་རྒྱབ་སྐྱོར་བཅས་ཀྱི་རྨང་གཞིའི་སྟེང་བཙུགས་པ་ཞིག་ཡིན། ད་ལོ་ནི་རྒྱལ་ཁབ་གཉིས་བར་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་ནས་ལོ་བཅུ་འཁོར་བའི་ལོ་ཡིན་ལ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འདི་དེང་སྐབས་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་ཁྱིམ་མཚེས་མཛའ་མཐུན་དང་ཟོལ་མེད་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ཐ་ཇིག་སི་ཐན་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་བརྩི་སྲུང་ཞུས་ནས། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་བློ་བརྟན་འགྱུར་མེད་ངང་རྩེ་གཅིག་ཏུ་གཞོལ་ནས། རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་ཡིན་ཞིང་། དེ་ནི་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད། ཐ་ཇིག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྩེ་ཚོགས་ཐེངས་དང་པོ་ཡག་པོ་འཚོགས་ནས། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་ཡག་པོ་འཛུགས་འདོད་ཡོད་ཅེས་བསྟན།

གྲོས་མོལ་ཚར་རྗེས་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཐ་ཇིག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》ལ་མཚན་རྟགས་བཀོད་ནས། དཔལ་འབྱོར་ཉོ་ཚོང་དང་ཕན་ཚུན་འབྲེལ་མཐུད། ཚན་རྩལ། ས་གནས་བརྗེ་རེས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་མཉམ་དུ་དཔང་པོ་གནང་།

ཚའེ་ཆི་དང་ཝང་དབྱི། ཆིན་ཀང་སོགས་གོང་གསལ་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།