ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅུ་དགུ་ཉིན་བར་ཧྥུའུ་ཅན་དུ་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱས་ནས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་གི་སློབ་གསོ་དག་ཐེར་དམ་འཛིན་ཏན་ཏིག་བྱེད་པ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་དེ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཟེར།
སལི་ཞི་ཀུའུ་ཐེན་ཚོགས་འདུའི་དྲན་གསོ་ཁང་དང་མའོ་ཙེ་ཏུང་གི་ཚའེ་ཞི་ཡུལ་ཚོའི་བརྟག་དཔྱད་དྲན་གསོ་ཁང་དུ་ཕེབས་ནས་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་ཕྱིར་དྲན་བྱས། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་བཅུ་བདུན་དང་ཕྱེད་ཀ་ལ་ཧྥུའུ་ཅན་དུ་ཕྱག་ལས་གནང་བ་དང་། དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོནདང་ཏང་འཛུགས་སྐྱོང་སོགས་ཀྱི་ཐད་འདུ་ཤེས་གལ་ཆེན་དང་ལག་ལེན་གལ་ཆེན་རབ་དང་རིམ་པ་བཏོད་པ་དང་། ལྷག་པར་དུ་ཏང་ནན་སྐྱོང་དང་ཏང་གི་རང་ངོས་གསར་བརྗེ་ཐད་རྩ་ཆེ་བའི་བསམ་པའི་རྒྱུ་ནོར་གྲུབ་ནས་ཏང་ཆེན་མོའི་རྙོག་དྲའི་དཀའ་གནད་ཐག་གཅོད་བྱ་ཆེད་ཁྲིད་སྟོན་གལ་ཆེན་གནང་ཡོད་པས་ངེས་པར་དུ་ནན་ཏན་གྱིས་གོ་བ་ལེན་པ་དང་ལག་ལེན་གཏིང་ཟབ་བྱ་དགོས། ཁོས་ནན་གྱིས་བསྟན་དོན། གུས་བཀུར་དང་བརྩེ་དུང་། དད་མོས། འགན་འཁྲི་དང་ལས་འགན་བཅས་སེམས་སུ་བཅངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་དགོས།
རྟོག་ཞིབ་བྱེད་པའི་རིང་ལ་ལིས་ཞི་ཧྥུའུ་ཅན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དུ་ཕེབས་ནས་ལས་བྱེད་པར་འཚམས་འདྲི་བྱས་པ་དང་བསམ་འཆར་ལ་གསན་པར་མ་ཟད། ཞིང་ཆེན་དང་ཆུའུ་ཁ་ཤས་ཀྱི་སྒྲིག་ཨུའི་ཧྲུའུ་ཅིའི་བཞུགས་མོལ་ཚོགས་འདུ་བསྡུས། ཁོས་བསྟན་དོན། བརྗོད་དོན་སློབ་གསོ་དང་སློབ་གསོ་དག་ཐེར་བྱ་རྒྱུ་ནི་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅིས་གཏན་ལ་ཕབ་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཞིག་དང་། སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་ཀྱིས་ངེས་པར་དུ་ཡག་པོར་སྒྲུབ་དགོས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། རིམ་པ་སོ་སོའི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་བསླབ་ནས་བློ་སྦྱོང་བྱེད་རྒྱུ་དེ་རྩ་བའི་བླང་བྱར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་པ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་བྱ་བ་མཐའ་དག་ལ་སྤྱི་འདོམས་བྱ་དགོས། སྤུས་ཚད་མཐོ་བ་དེ་ཚད་གཞི་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་རྒྱུན་མཐུད་དང་། གཏིང་ཟབ་པ། ཡང་དག་བཅས་ཀྱི་སྒོ་ནས་ཞིབ་བཤེར་དང་ཞིབ་དཔྱོད། དག་ཐེར་བཅས་བྱེད་པ་དང་། ཞིབ་ཕྲའི་སྒོ་ནས་མཛུབ་ཁྲིད་དང་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་བསྣན་ཏེ་སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་ཀྱི་བརྗོད་དོན་སློབ་གསོ་དང་སློབ་གསོ་དག་ཐེར་ལ་ཕན་འབྲས་སྔར་ལས་ཆེན་པོ་ཐོབ་རྒྱུར་འགན་ལེན་བྱེད་དགོས་ཟེར།
ཤ་བོ་གསེར་མཚོས་བསྒྱུར།